སྨར་ཁམས་རྫོང་གིས་གྲོང་གསེབ་ཏུ་དྲ་ཐོག་ཚོང་དོན་ ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2018-08-14 11:55:00】

  མྱུར་སྐྱེལ་བྱེད་མཁན་གྱིས་གློག་ཚང་ཞབས་ཞུའི་ས་ཚིགས་སུ་སྦྲག་དངོས་དབྱེ་ཞིབ་བྱེད་བཞིན་པ

སྨར་ཁམས་ལ་རང་བྱུང་གི་ས་བབ་ལེགས་ཆ་དང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གསར་དར་ཐོན་ལས་མང་པོ་ཞིག་དེར་སྐྱེད་སྲིང་དང་རྩ་བ་ཚུགས་ཡོད།

“འདིར་ཚྭ་དམར་རྒྱ་མ་1000ཡོད”ཅེས་བློ་བཟང་གཡུ་སྒྲོན་གྱིས་དེ་ལྟར་ཤོད་བཞིན་རྒྱ་མ་100ཡོད་པའི་ཚྭ་དམར་འགྱིག་ཕད་གཅིག་འགྱིག་ཕད་གཞན་དག་གི་ཐོག་བརྩེགས་པ་རེད།

འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་གྲོང་མིའི་ཁ་ཆད་ལྟར། འདི་ལོ་ཚྭ་འཚོང་མཁན་བློ་བཟང་གཡུ་སྒྲོན་ལ་འཁེལ་ཡོད། ལྕགས་རྟ་གྲོང་ཚོ་དང་ཡུན་རིང་མཉམ་ལས་བྱས་པའི་ཚོང་པས་ཁོང་གི་ཁྱིམ་ནས་ཚྭ་དམར་རྒྱ་མ་1000ཉོས་པ་རེད།

རྒྱ་མ་བཀྱག་རྗེས་ཚོང་པས་དངུལ་སྨར་སྒོར་1200བློ་བཟང་གཡུ་སྒྲོན་ལ་སྤྲད་པ་རེད།

“དེ་སྔ་གྲོང་རྡལ་དང་ཐ་ན་དེ་བས་ཐག་རིང་བའི་སར་ཚྭ་འཚོང་བར་འགྲོ་དགོས་ཀྱི་ཡོད་པས་ངལ་བ་ཆེན་པོ་ཡོད། ད་ཆ་ཁྱིམ་གྱི་སྒོ་ཁར་འཚོང་ཐུབ་པ་མ་ཟད། གོང་ཚད་ཀྱང་དེ་སྔའི་ལྡབ་གཉིས་རག་གི་འདུག”ཅེས་བློ་བཟང་གཡུ་སྒྲོན་གྱིས་གད་མོ་དགོད་བཞིན་བཤད།

ཚྭ་དམར་ཉོ་མཁན་ཚོང་པའི་མིང་ལ་ལིའུ་པོ་ཟེར་བ་དང་སྨར་ཁམས་རྫོང་བོད་ཤར་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སིའི་རྣམ་གྲངས་ཅིང་ལི་རེད། ཀུང་སིས་སྨར་ཁམས་རྫོང་གི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྣམ་གྲངས་ཀྱི་འགན་འཁུར་བ་དང་ལིའུ་པོ་ཡིས་འཛུགས་སྐྲུན་དང་གཉེར་སྐྱོང་གི་འགན་འཁུར་གྱི་ཡོད།“དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ལས་དོན་བདེ་བླག་ངང་སྤེལ་ཆེད།ང་ཚོས་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཀ་མང་པོ་བྱས་པ་ཡིན”ཀུང་སིས་མ་ལག་ཆེན་པོ་6སྟེ། རྫོང་རིམ་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་མ་ལག་དང་།                   གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཟོག་འགྲེམས་མ་ལག གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གསོ་སྦྱོང་མ་ལག ཞིང་ལས་ཐོན་རྫས་དྲ་ཐོག་ཚོང་དོན་མཁོ་སྤྲོད་སྦྲེལ་ཐག་དོ་དམ་མ་ལག གྲོང་གསེབ་ཀྱི་དྲ་ཐོག་ཚོང་གཉེར་མ་ལག གྲོང་གསེབ་ཀྱི་དྲ་ཐོག་ཞབས་ཞུའི་ས་ཚིགས་མ་ལག་བཅས་བཙུགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།“ལྕགས་རྟ་གྲོང་ཚོ་ནས་ཚྭ་ཉོ་བ་དང་ཀུང་སིའི་ཟོག་འགྲེམས་མྱུར་སྐྱེལ་རླངས་འཁོར་བཏང་ནས་རྫོང་གྲོང་གི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་སུ་དབོར་བ་དང་དེ་རྗེས་རིགས་དབྱེ་ཐུམ་སྒྲིལ་བརྒྱབ་སྟེ་དྲ་ཐོག་ཏུ་འཚོང་གི་ཡོད”ཅེས་ལིའུ་པོ་ཡིས་བཤད། དྲ་ཐོག་ཚོང་དོན་ལས་ཁྲོམ་ར་དང་ཐོན་སྐྱེད་དབར་གྱི་རྒྱང་ཐག་ཉེ་རུ་ཕྱིན་ཡོདཔ་རེད།

རྫོང་གྲོང་ནས་གྲོང་གསེབ་བར་གྱི་ཟོག་འགྲེམས་ཀྱི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཕྱོགས་མང་གྲོས་བསྡུར་བྱས་པ་བརྒྱུད། བོད་ཤར་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སིས་སྨར་ཁམས་རྫོང་དུ་ཞབས་ཞུའི་ས་ཚིགས་25བཙུགས་པ་དང་འབྲེལ་ཟོག་འགྲེམས་ཀུང་སི་དང་མཉམ་ལས་བྱས་ཏེ་དུས་བཀག་ལྟར་ཞབས་ཞུའི་ས་ཚིགས་སུ་བསྐུར་མ་ལེན་པ་དང་སྐྱེལ་བར་འགྲོ་གི་ཡོད་པ་རེད།

དྲ་ཐོག་ཚོང་དོན་ལས་ཞིང་པ་མང་ཚོགས་ལ་ཕན་པ་ཐོབ་པ་མ་ཟད། དེར་ཞུགས་མཁན་ཁེ་ལས་ལའང་ཁེ་ཕན་ཆེན་པོ་ཐོབ་ཡོད། སྨར་ཁམས་རྫོང་གི་གནས་རི་ལྔའི་སྤོས་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་བསོད་ནམས་ནོར་བུས“དེ་སྔ་དྲ་ཐོག་ཚོང་དོན་དང་མཉམ་ལས་བྱས་མེད་པས་ཉེ་འགྲམ་ས་ཁུལ་དུ་མ་གཏོགས་སྤོས་འཚོང་ཐུབ་ཀྱི་མེད། ད་ཆ་སྨར་ཁམས་རྫོང་གི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་ལ་ཞུགས་ཏེ་ཐོན་རྫས་དྲ་ཐོག་ནས་ཕྱིར་ཚོང་བྱེད་ཀྱི་ཡོད། ལོ་ཕྱེད་ལྷག་ཙམ་རིང་ལྷ་ས་དང་ཐ་ན་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་དུ་སྤོས་བཙོངས་པ་མ་ཟད་བྲིན་ཁ་ཡང་རྒྱུག་པོ་འདུག ད་ཆ་དྲ་ཐོག་ཚོང་དོན་གྱི་མདུན་ལམ་ཡངས་པོ་ཡོད་པས་ཁེ་ལས་དང་། མཉམ་ལས་ཁང་། མང་ཚོགས་བཅས་དེ་བས་མང་བ་དེར་ཞུགས་ཏེ་ཚང་མའི་ཐུན་མོང་འབད་བརྩོན་འོག་སྨར་ཁམས་ཀྱི་དོན་དངོས་དང་མཐུན་པའི‘དྲ་སྦྲེལ+སྣོད་བཅུད་ཞིང་ལས+ཡུལ་སྐོར’གྱི་མཉམ་ལས་དཔལ་འབྱོར་དཔེ་དབྱིབས་ཤིག་འཚོལ་ཞིབ་བྱས་ནས་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཐུབ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད།