ལྷོ་རོང་རྫོང་དུ་བསྐྱོད་པའི་དྲན་འཆར།

གསར་འགྱུར་སྤེལ་དུས།  【2018-09-04 10:15:00】





ལྷོ་རོང་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད་དང་ཆབ་མདོ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་པའི་རྫོང་ཞིག་ཡིན། ཤར་དཔའ་ཤོད་རྫོང་དང་ཆུ་བོ་གཅིག་གིས་ཆོད་པ་དང་། ལྷོ་སྤོ་བོ་རྫོང་དང་འབྲེལ་བ། ནུབ་དཔལ་འབར་རྫོང་དང་འབྲེལ་བ། བྱང་སྟེང་ཆེན་དང་རི་བོ་ཆེ་རྫོང་གཉིས་དང་འབྲེལ་ཡོད་ཅིང་། གྲོང་རྡལ་བཞི་དང་ཤང་བདུན་ལས་གྲུབ་པ་དང་ལྷོ་རྒྱུད་ཀྱི་ས་རོང་སྟེ་རྒྱལ་མོ་རྔུལ་ཆུའི་རོང་སའི་རྒྱུད་དུ་ཆགས་པས་མིང་དུ་ལྷོ་རོང་ཞེས་ཐོགས་ཟེར། ད་ལྟ་རྫོང་གནས་ཡུལ་ནི་རྫི་ཐོ་གྲོང་རྡལ་དུ་ཡིན་པ་དང་། རྫོང་གནས་སའི་ས་རྒྱ་ཆེ་ཞིང་མི་ཚོགས་མང་བ། ཁྲོམ་རྒྱ་ཆེ་བ་སོགས་བོད་ལྗོངས་གྲོང་ཁྱེར་ཁག་གི་རྫོང་ཆེ་ཤོས་གྲས་ཤིག་ཏུ་བརྩི་ཆོག ལྷོ་རོང་རྫོང་ལ་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་གནས་སྐོར་མཆོད་མཇལ་གྱི་གནས་མང་བ་དང་། སྟོད་གངས་རི་དང་རྫ་རིས་སྐོར་བ་དེའི་འདབས་སུ་ནགས་ཚལ་དང་མཚེའུ་ཡིས་བརྒྱན་པ། རིམ་གྱིས་སྤང་རིས་སྐོར་ཞིང་དེའི་འདབས་སུ་འབྲུ་རིགས་སྣ་ལྔ་འཚར་སྐྱེས་ཡོང་བ་ཞིག་རེད།

ལྷོ་རོང་ཤོ་རྫོང་།

ལྷོ་རོང་ཤོ་བ་མདོ་གྲོང་རྡལ་ནི་དེ་སྔོན་ཤོ་སྟག་ལྷོ་གསུམ་གྱི་ཤོ་རྫོང་ཆགས་ཁུལ་དུ་གནས་ཤིང་སྔར་ཇ་རྟ་གནའ་ལམ་གྱི་ས་ཚིགས་གལ་ཆེན་ཞིག་སྟེ་རྒན་རབས་པའི་ཤོད་སྲོལ་ལ་ཇ་རྟའི་གནའ་ལམ་གྱི་ཚོང་པ་དག་སྟོན་ཐོག་བསྡུས་ཚར་ཙམ་རྟ་དྲེལ་བརྒྱ་སྟོང་མང་པོ་དེད་ནས་ཤོ་རྫོང་ལ་འབྱོར་བ་དང་ཤོ་རྫོང་གི་ཚོང་པ་ཆེ་གྲས་ཀྱིས་བསུ་མ་གྲ་རྒྱས་བྱེད་སྲོལ་ཡོད་སྐད། ཡོན་རྒྱལ་རབས་སྐབས་གནས་དེར་འབྲུ་མཛོད་བཙུགས་པ་དང་ཆིང་རྒྱལ་རབས་སྐབས་ཤོ་མདོ་གཞུང་ཞེས་བཙུགས་པ། དེ་ནས་གོང་མ་ཡུང་ཀྲེང་གི་དུས་ནས་བཟུང་ཤོ་རྫོང་དེ་བོད་ས་གནས་སྲིད་གཞུང་གིས་ཐད་ཀར་བདག་སྤྲོད་བྱེད་ཀྱི་ཡོད་སྐད།

མི་རིགས་མཐུན་སྒྲིལ་གྲོང་གསར།

གནས་དེར་སྔར་ཆིང་རྒྱལ་རབས་ཀྱི་གཏན་སྡོད་དམག་དཔུང་ཡོད་པ་མ་ཟད་ཇ་རྟ་གནའ་ལམ་གྱི་ཚོང་འདུས་ལྟེ་གནས་ཆེན་པོ་ཞིག་ཡིན་པས་ཆིང་རྒྱལ་རབས་ཀྱི་བོད་སྡོད་དམག་དཔུང་གི་དུར་ས་ཡོད་པ་དང་། བོད་རྒྱ་མི་རིགས་དབར་གཉེན་སྒྲིག་བྱེད་རྒྱུ་ནི་སྔར་ནས་དར་སྲོལ་ཆེན་པོ་ཡོད་པ་མ་ཟད་མི་རིགས་གཉིས་ཀྱི་ལེགས་ཆ་ཕན་ཚུན་བསྡུ་རེས་བྱས་ནས་ཤོ་སེང་གེ་ཞེས་དུས་ཆེན་སྐབས་སེང་གེ་འཁྲབ་སྲོལ་ཡོད་པ་དང་། བསྙལ་ཚལ་དང་ཟླ་མཆོད་བག་ལེབ་སོགས་བཟོས་ནས་བཙོང་སྲོལ་བྱུང་བས་ད་ལྟ་ཤོ་བ་མདོ་གྲོང་རྡལ་དབུལ་གྲོལ་ཕྱུག་འགྱུར་གྱི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་འདུག ད་ལྟ་མི་རིགས་མཐུན་སྒྲིལ་གྲོང་གསར་ཞེས་རྒྱ་བོད་མཉམ་འདུག་གི་དུད་ཚང་གི་གཏན་སྡོད་གྲོང་ཚོ་ཞིག་ཀྱང་ཆགས་འདུག

རྫི་ཐོ་གྲོང་རྡལ་རྩམ་པ་ལས་སྣོན་བཟོ་གྲྭའི་འགན་འཁུར་མི་སྣ་ཤེས་རབ་ལགས་ལ་བཅར་འདྲི་ཞུ་བ།

ལྷོ་རོང་རྫོང་ཆགས་སའི་རྫི་ཐོ་གྲོང་རྡལ་གྱི་རྩམ་པ་ལས་སྣོན་བཟོ་གྲྭ་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཆུ་འཐག་རྩམ་པའི་བཏགས་སྟངས་རྒྱུན་དུ་འཛིན་ཐོག་དབྱར་རྩྭ་དགུན་འབུ་སོགས་རྩ་ཆེའི་སྨན་རྩྭའི་རིགས་བསྲེས་པ་དང་། ནས་དང་བོད་གྲོ་ལས་སྣོན་བྱས་ནས་གྲོ་ལེབ་འདྲ་མིན་དང་ཐུག་པ་འདྲ་མིན་བཏགས་ནས་རང་ས་གནས་ཙམ་མ་ཟད་ཆབ་མདོ་དང་ལྷ་ས་སོགས་སུ་ཕྱི་འཚོང་བྱེད་སའི་ཚོང་ཁང་བཙུགས་ཡོད་ཟེར། ད་དུང་དྲ་ཐོག་ཏུ་ཚོང་གཉེར་བྱེད་རྒྱུའི་འཆར་གཞིའང་འདེང་བཞིན་འདུག

ཁང་གསར་གྱི་རྫ་མཁན་བློ་བཟང་ཚེ་རིང་ལགས་ལ་བཅར་འདྲི་ཞུ་བ།

ཤོ་སྟག་ལྷོ་གསུམ་གྱི་ལྷོ་རྫོང་གནས་ཁུལ་ནི་ད་ལྟའི་ཁང་གསར་གྲོང་རྡལ་དུ་ཡིན་ཞིང་གྲོང་རྡལ་དེར་རིག་གནས་ཀྱི་ཕ་ས་ཆུང་ཆུང་ཞེས་འབོད་ཆོག་པ་སྟེ། ཁང་པར་ཚོན་གཏོང་རྒྱུ་ནི་བོད་རིགས་སྡོད་སའི་ཁང་པ་ཞིག་ཡིན་ན་མེད་དུ་མི་རུང་བ་ཞིག་རེད། དེའང་ལྷོ་རོང་གི་ཚོན་ཞེས་ཡུལ་ལུང་གང་སར་སྐད་གྲགས་ཆོད་ནས་གནས་དེ་གའི་ཁང་ཚོན་བཏང་མཁན་ཚོ་ས་གནས་གཞན་ལ་ཆེད་མངགས་ཁང་ཚོན་གཏོང་བར་གདན་དྲངས་བཞིན་འདུག ཁང་གསར་གྱི་རྫ་མ་ཡང་ཡུལ་ལུང་དེར་ཧ་ཅང་སྐད་གྲགས་ཆེ་ཤིང་བཟོ་རྩལ་ལེགས་ལ་མཛེས་ཆོས་ཀྱིས་ཕྱུག་པ་དང་ནང་ཁུལ་དུ་ཟས་རིགས་བསྐོལ་ན་ལུས་པོར་མི་གནོད་ཅིང་བྲོ་བ་ཞིམ་པའི་ཁྱད་ཆོས་ཆེན་པོ་ཡོད་ཟེར།

ཁང་གསར་རལ་པའི་རྒྱུད་འཛིན་པ་སྤེན་པ་ལགས་ལ་བཅར་འདྲི་ཞུ་བ།

ཁང་གསར་རལ་པ་ནི་རལ་བཤད་དང་རྔ་གཅིག་རྡུང་། གསུམ་རྡུང་། དྲུག་རྡུང་། དགུ་རྡུང་བཅས་ལས་གྲུབ་པ་དང་ཞབས་བྲོའི་མཚམས་སུ་རལ་གཞས་གཏོང་བ། མཇུག་མཐར་ཁ་མཚར་རྩེད་མོ་བཤད་པ་སོགས་ལྟད་མོ་བ་ཚོར་བཞད་གད་སློང་ཆེད་ཡིན་ཟེར།

ཁང་གསར་སྐོར་བྲོའི་རྒྱུད་འཛིན་པ་རིག་འཛིན་སྒྲོལ་མ་ལགས་ལ་བཅར་འདྲི་ཞུ་བ།

ཁང་གསར་སྐོར་བྲོ་དེའང་བྲོ་བཤད་དང་། དངོས་གཞི། བཀྲ་ཤིས་བྲོ་རྡུང་སོགས་ཚིག་དང་རྡོག་བྲོས་སྟངས་སྟབས་མཛེས་ཤིང་། གླུ་ངག་རྣ་བར་སྙན་པ་སོགས་ཁང་གསར་རང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་ཞིག་རེད་འདུག

ཨོག་ཀྲོང་།

ཡུལ་ལྗོངས་མཛེས་ཤིང་རང་མི་རིགས་ཀྱི་སྲོལ་རྒྱུན་དམངས་ཁྲོད་རིག་གནས་ཀྱི་ཕྱུག་པའི་ཁམས་ལྷོ་རོང་ལུང་པ་དེ་ནི་སྔར་ནས་ཇ་རྟའི་གནའ་ལམ་སོགས་ཕྱི་ཚོང་དང་རིག་གནས་ནང་འདྲེན་ལ་དགའ་བ་སོགས་ཀྱི་ཁྱད་ཆོས་ཅིག་ཅར་དུ་མངོན་པ་དང་ད་ལྟའང་ལྷོ་རོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་རང་ས་གནས་ཀྱི་མི་ཙམ་མ་ཟད་ཕྱི་ཕྱོགས་སུ་སྒོ་དབྱེ་ནས་ཕྱི་རོལ་ཡུལ་གྱི་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་འཕྲོག་བཞིན་མཆིས།

འབྲུག་མོའི་རྟ་སྒ

སྤྱི་ལོ་༢༠༡༧ལོའི་ཟླ་བ་༡༠པའི་ཚེས་༡ཉིན་སྒྲོལ་མ་བླ་མཚོར་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་རྡོ་བྱང་བཙུགས་པ་དང་། མ་འོངས་པར་སྒྲོལ་མ་ཉེར་གཅིག་གི་མཚེའུ་ཡོངས་སུ་སྒོ་དབྱེའི་འཆར་གཞི་ཡོད་པ། དཔལ་དུང་མཚོ་དང་ཨོག་ཀྲོང་། འབྲུག་མོའི་རྟ་སྒ་སོགས་ཁྱད་མཚར་རི་བོའང་འཛམ་གླིང་གི་སྐྱེ་བོའི་འདྲེན་བྱེད་ཡུལ་དུ་དྲངས་པའི་ལས་ལ་ལྷོ་རོང་མི་དམངས་ཀྱིས་བྲེལ་བཞིན་འདུག་ལ། དེ་ལྟའི་རླབས་ཆེན་གྱི་རེ་བ་མངོན་དུ་འགྱུར་བའི་སྤོབས་སེམས་ཡང་ཆེན་པོ་འདུག