“ས་འདིའི་ཡུལ་མི་སྤུན་ཟླར་ང་དགོས་མཁོ་ཤིན་ཏུ་ཆེ”

—— མཛོ་སྒང་རྫོང་རབ་ཅན་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་རྒྱ་མཚོའི་གནས་ཚུལ།

གསར་འགྱུར་སྤེལ་དུས།  【2019-02-19 11:20:00】

ཁོང་ནི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་རབ་ཅན་ཤང་འཕྲོད་བསྟེན་ཁང་གི་སྨན་པ་དང་པོ་དེ་ཡིན་ཞིང་། རབ་ཅན་ཤང་དུ་ལོ་ངོ་ཉེར་ལྔའི་ཙམ་ལས་ཀ་བྱས་པའི་རིང་ཁོང་གིས་ཡུལ་འདིར་ལང་ཚོ་སྐྱེས་སུ་ཕུལ་བ་དང་། མང་ཚོགས་དང་ཁྱིམ་ཚང་གཅིག་ལྟར་བྱས་པས་ས་གནས་དེ་གའི་མང་ཚོགས་ཚང་མས་ཁས་ལེན་པའི་སྨན་པ་བཟང་པོ་ཞིག་ཡིན།

ཁོང་ནི་མཛོ་སྒང་རྫོང་རབ་ཅན་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་རྒྱ་མཚོ་རེད།

1993ལོའི་དབྱར་ཁར། ལོ་18ལ་སོན་པའི་རྒྱ་མཚོ་འཕྲོད་བསྟེན་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཕུགས་བསམ་ཆེན་པོ་བཅངས་ཏེ་མཛོ་སྒང་རྫོང་རབ་ཅན་ཤང་འཕྲོད་བསྟེན་སུའོ(ད་ལྟའི་འཕྲོད་བསྟེན་ཁང)རུ་ཡོང་།

ལོ་ངོ་ཉེར་ལྔའི་སྔོན་གྱི་རབ་ཅན་ཤང་ནི་འཚོ་བའི་ཆ་རྐྱེན་ཞན་ཞིང་མང་ཚོགས་ཚོར་ནད་གཞི་ཕོག་ཚེ་ཆ་རྐྱེན་ཅུང་ལེགས་པ་ཉུང་ཤས་ཀྱིས་རྫོང་གྲོང་ངམ་ཡང་ན་གྲོང་ཁྱེར་དུ་སྨན་བཅོས་བྱེད་དུ་འགྲོ་བ་དང་། ཆ་རྐྱེན་ཞན་པའི་མི་མང་ཆེ་བ་ཁྱིམ་དུ་ལུས་གསོ་བ་ལས་མ་འདས། སྐབས་དེ་དུས་གྲོང་ཁྱེར་དུ་བསྐྱོད་སྐབས་དང་ཐོག་བཀྲ་གཡུས་གྲོང་རྡལ་བར་རྟ་བཞོན་ནས་ཉིན་གཉིས་འགྲོ་དགོས་པ་དང་། དེ་ནས་བཀྲ་གཡུས་གྲོང་རྡལ་ནས་འགྲུལ་སྐྱེལ་འཁོར་ཆུང་ལ་བསྡད་དེ་རྫོང་དུ་འགྲོ་དགོས་སྟབས་ཁྱོན་ཉིན་གསུམ་ཙམ་འགོར་གྱི་ཡོད།

རྒྱ་མཚོས་མང་ཚོགས་ཚོའི་ནད་གཞི་ལྟ་དཀའ་བའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཕྱིར་རང་གི་སྨན་བཅོས་ལག་རྩལ་ཇེ་ལེགས་སུ་བཏང་སྟེ་མང་ཚོགས་ཀྱིས་སྨན་པ་འཚོལ་ཐུབ་པ་དང་ནད་གཞི་བཅོས་ཐུབ་རྒྱུའི་བློ་ཐག་བཅད་པ་རེད།

དེ་ནས་ཁོང་གིས་ཉིན་མོ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ཚོར་ནད་གཞི་ལྟ་ཞོར་དུ་གསོ་རིག་གི་རྒྱུན་ཤེས་སྐོར་ལ་ཧུར་ཐག་ངང་སྦྱངས་པ་དང་། དགོང་མོ་དཀའ་སྤྱད་བརྩོན་ཞིབ་བྱེད་པ་མ་ཟད་ད་དུང་ཆབ་མདོ་ས་ཁུལ(ད་ལྟའི་ཆབ་མདོ་གྲོང་ཁྱེར)སྨན་ཁང་དུ་བོད་ལུགས་གསོ་རིག་ཤེས་བྱ་སྦྱོང་བར་སོང་།

མང་ཚོགས་ཚོའི་སྨན་རིན་འགྲོ་དོགས་ཀྱིས་ནད་གཞི་མི་ལྟ་བའི་སེམས་ཁྲལ་སེལ་ཆེད། རྒྱ་མཚོས་ནམ་རྒྱུན་སྨན་ཤོག་འབྲི་སྐབས་སྨན་ནུས་ཆེ་ཞིང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ཀྱི་འགྲོ་སོང་རྩིས་ཞུའི་ཁོངས་སུ་གཏོགས་པའི་སྨན་ཤ་སྟག་བྲིས་ཏེ་ནད་པར་སྨན་རིན་གྲོན་ཆུང་གང་ཐུབ་བྱེད་པ་དང་། སྐབས་རེར་ད་དུང་ནད་པར་སྨན་རིན་ཚབ་འཇལ་བྱེད་ཀྱི་ཡོད། ལོ་ངོ་ཉེར་ལྔའི་རིང་། རྒྱ་མཚོས་ཟ་མཁས་འཐུང་མཁས་བྱས་ནས་ད་བར་ཤང་གི་མང་ཚོགས་ཚོར་སྨན་རིན་མི་ཉུང་བ་ཞིག་ཚབ་འཇལ་བྱས་ཡོད།

“ང་ནི་མཛོ་སྒང་རྫོང་བཀྲ་གཡུས་གྲོང་རྡལ་ནས་ཡིན། ཡུལ་མི་སྤུན་ཟླར་དཀའ་ངལ་འཕྲད་སྐབས་རང་ཉིད་ཀྱིས་ནུས་ཤུགས་གང་ཡོད་འདོན་ནས་ཚང་མར་རོགས་རམ་བྱེད་བསམ་གྱིན་འདུག”ཅེས་རྒྱ་མཚོས་བཤད།

2007ལོར། རབ་ཅན་ཤང་རབ་ཅན་གྲོང་ཚོའི་གྲོང་མི་ཨོ་རྒྱན་མཁའ་འགྲོའི་ཁོག་ནས་ཁྲག་ཐོན་ཏེ་ཤང་གི་སྨན་བཅོས་ཆ་རྐྱེན་ཞན་པས་ཆབ་མདོར་སྨན་པ་བསྟེན་པར་སྐྱེལ་དགོས་བྱུང་ཞིང་། ལམ་བར་དུ་གནས་ཚུལ་མི་ལྷགས་པའི་ཆེད་དུ་རྒྱ་མཚོ་རང་ཉིད་ཀྱིས་སྲུང་སྐྱེལ་བྱེད་པའི་ཐག་བཅད། སྐབས་དེ་དུས་རྒྱ་མཚོའི་ཕ་ནད་གཞི་ལྕི་པོས་མནར་ནས་རྒྱ་མཚོས་ལྟ་རྟོག་བྱེད་དགོས་ཀྱི་ཡོད་རུང་། ཁོང་གིས་སྡུག་བསྲན་ཆེན་པོས་ཕ་རྒན་ལ་ལྟ་རྟོག་བྱེད་པའི་ལས་ཀ་བཟའ་ཟླར་མངགས་རྗེས་ནད་པ་དང་མཉམ་དུ་ཆབ་མདོར་སོང་། འོན་ཀྱང་ཁོང་ཁྱིམ་དུ་འབྱོར་སྐབས་ཕ་ཚེ་ལས་འདས་ཟིན། “ངས་ཕ་རྒན་ལགས་ལ་ལྟ་རྟོག་ཡག་པོ་ཐུབ་མ་སོང་། ང་ལ་ད་དུང་ཕྲུ་གུ་གསུམ་ཡོད། ཆེ་བ་ལྷན་སྐྱེས་དབང་སྐྱོན་ཡིན་པ་དང་། ཆུང་བ་གཉིས་ད་དུང་སློབ་གྲྭར་འགྲོ་གྱིན་ཡོད། ང་རྒྱུན་དུ་ཤང་དུ་སྡོད་དགོས་པས་བཟའ་ཟླ་གཅིག་པུས་ནང་མི་རྒན་གཞོན་ལ་ལྟ་རྟོག་བྱེད་དགོས་ཀྱི་ཡོད”ཅེས་རྒྱ་མཚོས་རང་ཉིད་ཀྱི་ནང་མིར་གནོང་འགྱོད་ཆེན་པོ་ཡོད་ཅིང་། “ཡིན་ནའང་ངས་འདི་གའི་མང་ཚོགས་གཏན་ནས་བློས་གཏོང་གི་མ་རེད”ཅེས་ཁོང་གིས་བློ་ཐག་ཆོད་པོས་བཤད།

ད་ལྟ་རྒྱ་མཚོའི་སྨན་བཅོས་ལག་རྩལ་སྔ་མོ་ནས་གང་སར་སྐད་གྲགས་ཆོད་ཡོད་ཅིང་། ཉེ་འཁོར་གྱི་བཀྲ་གཡུས་དང་ཞྭ་གླིང་ཁ་སོགས་ཤང་དང་གྲོང་རྡལ་དང་ཐག་རིང་གི་གོ་འཇོ་དང་སྨར་ཁམས་སོགས་ཀྱི་ནད་པའང་ཁོང་གི་སར་ལྟ་བར་ཡོང་གྱིན་ཡོད། ས་ཆ་གང་ནས་ཡོང་ཞིང་ཐོབ་ཐང་ག་འདྲ་ཡིན་རུང་རྒྱ་མཚོས་སྨན་ཤོག་བྲིས་རྐྱང་བྱེད་པ་ལས་སྨན་རིན་ལེན་གྱི་མེད་ལ་ལྟོ་ཆས་ཟ་བའི་དངུལ་མེད་པའི་ནད་པ་ཁ་ཤས་ལ་རྒྱ་མཚོས་ལྟོ་ཆས་སྟེར་བ་དང་སྡོད་ས་མེད་པ་ཁ་ཤས་ལ་སྡོད་ས་ཐག་གཅོད་བྱེད་ཀྱིན་ཡོད།

བགྲང་བྱ་འདི་དག་རིང་། རྒྱ་མཚོས་ཁྱད་དུ་འཕགས་པའི་སྨན་བཅོས་ལག་རྩལ་དང་བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་ལ་བརྟེན་ནས་མང་ཚོགས་གྲངས་ལས་འདས་པར་ནད་གཞི་བསལ་བ་དང་ཁོང་ཚོའི་ཁྱིམ་ཚང་ལ་བདེ་སྐྱིད་ཀྱི་འོད་སྣང་བྱིན་ཡོད།(དཔལ་ཐར་རྒྱལ་གྱིས་བསྒྱུར།)