བོད་ཀྱི་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་དང་པོའི་བགྲེས་སོང་གསུམ་གྱིས་ལོ་རྒྱུས་འཕོ་འགྱུར་གླེང་བ།

གསར་འགྱུར་སྤེལ་དུས།  【2019-03-08 11:35:00】

སྒྲིག་པ་པོའི་གཏམ།    ལོ་ངོ་དྲུག་ཅུ་རིང་ལ་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་གཙང་གསུམ་བུ་ཕྲུག་གིས་མི་སེམས་འགུལ་བའི་འབད་འཐབ་དང་།  མཐུན་སྒྲིལ།  འཕེལ་རྒྱས་བཅས་ཀྱི་གླུ་དབྱངས་སྙན་མོ་གྱེར་ཡོད། དེ་ནས་བཟུང་འདི་ག་ཚགས་པར་ཁང་གིས“ལོ་ངོ60གཏམ་རྒྱུད་གླེང་བ། ”ཞེས་པའི་ལེ་ཚན་གཏོད་ནས་བོད་དུ་དམངས་གཙོ་བཅོས་སྒྱུར་ནང་ཞུགས་མཁན་དང་།  མྱོང་བ་དངོས་མྱོང་མཁན། དཔང་པོ་གནང་མཁན་གྱིས་རང་ཉིད་ཀྱི་མྱོང་བ་དངོས་དང་འབྲེལ་ནས་དམངས་གཙོ་བཅོས་སྒྱུར་གྱི་ལོ་རྒྱུས་རྒྱབ་ལྗོངས་ཡོད་པའི་གྲོང་ཚོ་དང་ལས་རིགས་ཀྱི་འཕོ་འགྱུར་གླེང་ནས་བོད་དུ་དམངས་གཙོ་བཅོས་སྒྱུར་བྱས་པའི་དོན་སྙིང་གལ་ཆེན་རྒྱས་བཤད་གནང་རྒྱུ་ཡིན་པས་དོ་ཁུར་ཡོང་བར་ཞུ།


ཟླ3ཚེས4ཉིན་གྱི་སྔ་དྲོ་ང་ཚོ“བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ”བའི་བཅར་འདྲི་ཚོ་ཆུང་དང་བཅས་པ་ཆབ་མདོ་ནས་རྡོག་ཐོན་བྱས་ཏེ་རྒྱལ་ལམ317རྒྱུད་ཀྱི་འབྲི་ཆུའི་འགྲམ་ངོགས་སུ་ཆགས་ཡོད་པའི་བོད་ཀྱི་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་དང་པོ་སྟེ་སྐམ་ཐོག་གྲོང་ཚོ་འབྱོར་བ་དང་། གྲོང་ཚོ་དེ་གའི་དམངས་གཙོ་བཅོས་སྒྱུར་རིང་གི་ལོ་རྒྱུས་འཕོ་འགྱུར་འབྲི་མགོ་བརྩམས།

(པར་ངོས་གསུམ་པར་གཟིགས།)   (པར་ངོས་དང་པོར་མཐུད) སྐམ་ཐོག་གྲོང་ཚོ་ནི་བོད་དུ་སྐར་ལྔའི་དར་དམར་དང་པོ་དེ་སྒྲེང་ས་ཡིན་ལ། དེ་རུ་རི་མཐོན་པོ་དང་། རོང་ཆེན་པོ།  ཆུ་དྭངས་མོ་སོགས་རང་བྱུང་གི་མཛེས་ལྗོངས་ཕུད་ད་དུང་གསར་བརྗེའི་ལོ་རྒྱུས་ཀྱི་ཤུལ་བཞག་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་བདེན་དཔང་མཁར་རྫོང་གསུམ་ཡང་ལོ་ངོ་60རིང་འབྲི་ཆུའི་ངོགས་སུ་ཀྲོང་ངེར་འགྱིང་ནས་སྐབས་དེའི་འདས་དོན་གླེང་བཞིན་ཡོད།

སྐམ་ཐོག་གྲོང་ཚོ་བསྐྱོད་ན“བོད་ཀྱི་བཅིངས་འགྲོལ་གྲོང་ཚོ་དང་པོ”ཞེས་པའི་ཡི་གེ་ཆེན་པོ་དག་ཧ་ཅང་མངོན་པར་གསལ་ཞིང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་བཟོ་སྐྲུན་ལས་ཡུལ་འདི་ལ་མཛེས་པ་གསར་པ་ཞིག་འདུག

གྲོང་ཚོའི་ནང་གི་བོད་ཁྱིམ་སྤྲོ་ཁང་ཞིག་གི་ཉིས་ཐོག་ཏུ་ཉི་འོད་དྲོ་ཞིང་གསལ་བ་དང་།  བགྲེས་སོང་འཇམ་དབྱངས་ཚེ་རིང་དང་།  ཕུར་བ།  ཚེ་དབང་ཕུན་ཚོགས་བཅས་ཀྱིས་ལོ་ངོ68སྔོན་གྱི་འབྲི་ཆུ་བརྒལ་བའི་དམག་འཐབ་དང་ལོ་ངོ60རིང་གི་སྒྱུར་བཅོས་དང་འཕེལ་རྒྱས་དག་གླེང་མགོ་བརྩམས།

དགུང་ལོ་གྱ་བདུན་ལ་སླེབས་པའི་བགྲེས་སོང་འཇམ་དབྱངས་ཚེ་རིང་གིས་ཕྱིར་དྲན་གྱི་སྒོ་མོ་དལ་གྱིས་ཕྱེས་པ་དང་།  གཙང་པོའི་ངོགས་ཀྱི་རི་བོ་ཨ་མྱེས་བཟང་ཆེན་བསྟན་ཏེ“འདི་ནས་འབྲི་ཆུ་བརྒལ་ནས་སྐམ་ཐོག་གྲོང་ཚོ་སློབས་རྗེས་བོད་ལ་བཅིངས་འགྲོལ་གཏོང་མགོ་ཚུགས།   འཐབ་འཛིང་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་ཆེད་དམག་དཔུང་གིས་འབྲི་ཆུའི་འབབ་ཁུག་གི་རི་ལྡེབས་ངོས་སུ་བོད་ལྗོངས་ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་ཆེན་པོ་གཉིས་བརྐོས”ཞེས་བཤད།  ཡིག་འབྲུ་དེ་གཉིས་ད་ལྟ་སྔར་བཞིན་གསལ་ཞིང་དམར་པོ་བྱུགས་པས་དེ་བས་གསལ་ལེར་མངོན་འདུག འཇམ་དབྱངས་ཚེ་རིང་གི་ཕྱིར་དྲན་ཀློང་ན1950ལོའི་འཐབ་འཛིང་གི་ལོ་རྒྱུས་དེ་གསལ་ལེར་འདུག

འཇམ་དབྱངས་ཚེ་རིང་ནི1959ལོར་ལས་ཀར་ཞུགས་པ་དང་བོད་དུ་དམངས་གཙོ་བཅོས་སྒྱུར་གྱི་ལག་བསྟར་མཁན་དང་བདེན་དཔང་མཁན་ཡིན་པས་སྐམ་ཐོག་གྲོང་ཚོའི་ལོ60རིང་གི་འགྱུར་ལྡོག་གླེང་ན་བགྲེས་སོང་ཁོང་གི་སེམས་ནང་གི་སྐད་ཆ་བཤད་ནས་རྫོགས་རྒྱུ་མེད།

“བཅིངས་འགྲོལ་སྔོན་སྐམ་ཐོག་གྲོང་ཚོའི་མི་སེར་གྱིས་ཐུའུ་སིར་ཁྲལ་དང་འུ་ལག་འཇལ་དགོས།  ཟ་རྒྱུ་དང་གོན་རྒྱུ་མེད་པའི་ཐོག་ས་བདག་གི་ཁྱིམ་དུ་ལས་ཀ་མང་པོ་ལས་དགོས་ལ་ལས་ཀའི་ཐད་དལ་འགོར་བྱས་ཚེ་ཉེས་རྡུང་གཏོང་གིན་ཡོད”ཞེས་བཤད།

“དམངས་གཙོ་བཅོས་སྒྱུར་བྱས་རྗེས་ས་ཞིང་སྒེར་ལ་དབང་ཞིང་རང་ཁ་རང་གསོ་ཐུབ་པར་གྱུར།  དེ་ནས་བཟུང་ཁྲལ་དང་འུ་ལག་རྒྱུག་མི་དགོས་པ་དང་བཤུ་གཞོག་དང་གཉའ་གནོན་མྱོང་མ་དགོས། ད་ཆ་སྐམ་ཐོག་གྲོང་ཚོའི་ལས་བྱེད་པས་མང་ཚོགས་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དང་།  ཆུ་དང་གློག   ལམ་སོགས་ཤར་གཏོང་ཐུབ་པས་དུད་ཁྱིམ་ཚང་མར་ཆུ་ཀ་ལ་འཐེན་ཡོད་པ་སོགས་ཉིན་མཚན་ཀུན་ཏུ་གླེང་ཀྱང་ཚར་རྒྱུ་མེད”

ད་ལོ་ལོ77ལ་སླེབས་པའི་བགྲེས་སོང་ཕུར་པས་ཨ་མྱེས་བཟང་ཆེན་གྱི་རི་རྩེར་བལྟས་ནས་གདོང་ལ་འཛུམ་དམུལ་དམུལ་བྱེད་ཀྱིན་ངག་རྒྱུན་དུ་རི་འདི་ནི་སྐམ་ཐོག་གྲོང་ཚོའི་སྲུང་མ་ཡིན་པར་བཤད་པ་དང་།  ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་སྲུང་མ་འདིས་ཞིང་བྲན་ལམ་ལུགས་ཀྱིས་མི་ཡུལ་དུ་མི་གསོད་རྟ་འགྱེལ་གྱི་བྱ་ངན་བཀག་འགོག་མ་ཐུབ་རུང་ཤར་ནས་ཡོང་བའི་བྱང་ཆུབ་སེམས་དཔའ་འདྲ་བའི་དམག་མིས་ཞིང་བྲན་ཁྲི་ཚོ་བརྒྱའི་སྡུག་གི་ཁུར་བུ་སེལ་བ་རེད། ཁོས་བཤད་རྒྱུར་བཅིངས་འགྲོལ་དམག་གིས་སྐམ་ཐོག་གྲོང་ཚོ་ནས་འཐབ་འཛིང་བྱུང་བ་དང་འབྲི་ཆུ་བརྒལ་ནས་ཞིང་བྲན་ལ་བཅིངས་འགྲོལ་བཏང་ཞིང་།   སྐབས་དེར་ངས་ཕ་མ་དང་གྲོང་ཚོའི་ནང་གི་མི་ཚོས་རང་ཁྱིམ་གྱི་འབྲི་གཡག་དེད་དེ་བཅིངས་འགྲོལ་དམག་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་པ་མཐོང་བས་རང་ཉིད་ཀྱང་དམག་མི་ནང་ཞུགས་རྒྱུའི་ཕུགས་བསམ་ཡོད་པ་དང་མཐའ་མར་ཕུགས་བསམ་མངོན་དུ་འགྱུར་ཏེ་བཅིངས་འགྲོལ་དམག་གི་འཐབ་མོ་བ་ཞིག་ཏུ་གྱུར།

སྡུག་གི་འཚོ་བ་བསྐྱལ་བས་མཐར། གཞི་ནས་ཉི་མའི་དྲོད་ཁོལ་ཚོར། བོད་ཀྱི་འཕོ་འགྱུར་ཆེན་པོ་ཐད་ལ་ཕུར་བས་བདེན་དཔང་བྱས་ཡོད། “བོད་སྤྱི་ཚོགས་རྙིང་བའི་ནང་ཁང་པ་ས་ཁང་ཡིན་པ་མ་ཟད་གནག་ཕྱུགས་དང་མཉམ་སྡོད་བྱེད་དགོས། ད་ལྟ་རང་ལ་དབང་བའི་ཁང་པ་ཡོད་ལ་འཚོ་བར་རང་དབང་དང་བདེ་སྐྱིད་ལྡན།  ཕྲུ་གུ་ཚོ་ལ་ཡང་རང་ཉིད་ཀྱི་ལས་ཀ་ཡོད་པར་གྱུར་ནས་སེམས་ཁྲལ་གང་ཡང་མི་འདུག”

ལོ81སླེབས་པའི་ཚེ་དབང་ཕུན་ཚོགས་ཀྱིས་མདུན་གྱི་གསེར་ཆུ་གཙང་པོ་བསྟན་ཏེ“ལོ་དེར་དམག་དཔུང་འབྲི་ཆུ་བརྒལ་ནས་སྐམ་ཐོག་གྲོང་ཚོ་སླེབས་རྗེས་བོད་ལ་བཅིངས་འགྲོལ་གཏོང་མགོ་ཚུགས། གྲོང་ཚོ་ནང་གི་མི་སེར་གྱིས་ཉིན་མཚན་མེད་པར་ཀོ་གྲུར་བསྡད་དེ་དམག་དཔུང་འབྲི་ཆུ་བརྒལ་བར་རོགས་རམ་བྱས།  སྐབས་དེར་ང་ལོ་བཅུ་གསུམ་ཡིན་ཞིང་རང་གི་ནུས་ཚོད་ཀྱིས་དངོས་པོ་དང་འབྲུ་རིགས་སྐྱེལ་རོགས་ཞུས་པ་ཡིན”ཞེས་བཤད།

ཚེ་དབང་ཕུན་ཚོགས་ཀྱིས་ད་ལྟའི་ཁྱིམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བར་བསྔགས་བརྗོད་དང་གཅེས་སྤྲས་བྱེད་ཀྱིན་འདུག   “ད་ཆ་གྲོང་ཚོ་ནང་ཆུ་གློག་ལམ་འཕྲིན་འཐུས་ཚང་དུ་སོང་ནས་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད།  ཕྲུ་གུ་སློབ་གྲྭར་གཏོང་ན་འགན་ལེན་གསུམ་གྱི་སྲིད་ཇུས་ཡོད་པ་སོགས་སྔོན་ཆད་སེམས་ལའང་མ་དྲན་པའི་དོན་དག་མང་པོ་ཞིག་འདུག  ད་ཆ་མི་ཚོའི་འཚོ་བའི་ཆུ་ཚད་དང་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་སོང་ནས་དུས་རབས་བཟང་པོ་འདི་ལ་ཚང་མས་ཐུགས་རྗེ་ཆེ་ཞུ་གྱིན་ཡོད”ཞེས་བཤད།

བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བསྟུན་ནས་བོད་ཀྱི་ས་གནས་གང་སར་འཕོ་འགྱུར་ཆེན་པོ་བྱུང་ཞིང་སྐམ་ཐོག་གྲོང་ཚོ་ཡང་དེ་ལས་འདས།  2018ལོར་སྐམ་ཐོག་གྲོང་ཚོ“རྒྱལ་ཡོངས་ཀྱི་སྣོད་བཅུད་རིག་གནས་གྲོང་ཚོ”དང་ཆབ་མདོ་གྲོང་ཁྱེར་གྱི“ཤེས་དཔལ་གྲོང་ཚོ”ཞེས་པར་བདམས་ཐོན་བྱུང་བ་དང་།  གྲོང་ཚོ་དེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཟིན་གྱི་ཡོད།

སྐམ་ཐོག་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་གཙོ་སྒྲོལ་མས་ངོ་སྤྲོད་བྱས་པ་ལྟར་ན།  “འཇོ་མདའ་རྫོང་གིས་གསར་བརྗེའི་ཤུལ་གཞག་གལ་ཆེན་ཞིག་ཡིན་པའི་ཆ་ནས་སྐམ་ཐོག་གི་དམག་སྡེ་བཅོ་བརྒྱད་པ་འབྲི་ཆུ་བརྒལ་བའི་གྲུ་ཁ་རུ་གསར་བརྗེའི་ཤུལ་གཞག་སྤྱི་གླིང་ཞིག་ཉམས་གསོ་བྱེད་བཞིན་ཡོད་པ་འདིས་སྐམ་ཐོག་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་ཞིག་ཏུ་ཆགས་རྒྱུ་ཡིན་པ་དང་།   མང་ཚོགས་དང་བོད་སྐྱོད་ཡུལ་སྐོར་བ་མང་པོ་ཞིག་གིས་སྐམ་ཐོག་གྲོང་ཚོའི་རི་ཆུ་བར་གྱི་གསར་བརྗེའི་ཕྱིར་དྲན་ལ་ཤེས་རྟོགས་དང་བློ་ལ་བརྟན་པོ་འཇོག་ཏུ་འཇུག་དགོས”ཞེས་བཤད།