ཏང་གི་དྲིན་ལན་འཇལ་རྒྱུ་ནི་ནོར་བུའི་བརྗེད་མི་སྲིད་པའི་བསམ་འདུན་ཡིན།

གསར་འགྱུར་སྤེལ་དུས།  【2019-03-12 12:15:00】

ནོར་བུ་ནི་བྲག་གཡབ་རྫོང་སྤྱི་བདེ་ཅུད་ཀྱི་ལས་འཁྱུར་ཉེན་རྟོག་པ་ཞིག་ཡིན་ལ་དབྱེན་འདུམ་གྲོང་རྡལ་མདོ་ཁྲི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་གིས་གདན་ཞུ་བྱས་པའི་འོས་འགན་ལྟ་སྐུལ་མི་སྣ་དང་ཐོན་ལས་རྣམ་གྲངས་ཀྱི་བློ་འདྲི་ས་བཅས་ཡིན། སྤྱིར་ཁྱིམ་དང་བར་ཐག་ཅུང་རིང་ནའང་དགུང་ལོ་རེ་དྲུག་སླེབས་པའི་ནོར་བུ་ལགས་ནམ་རྒྱུན་མདོ་ཁྲི་གྲོང་ཚོ་ཡོང་ནས་བྲེལ་འཚུབ་ཀྱི་ལས་ལ་འདུར་གྱིན་ཡོད།

ཁོས་ཆུང་ས་ནས་གྲོང་ཚོའི་འཕྲོད་བསྟེན་བཅོས་སྒྲིག་དང་ཁྱིམ་མཚེས་བར་གྱི་འགལ་ཟླའི་རྩོད་གཞི་འདུམ་འགྲིག་བྱ་རྒྱུ་དེ་ཡིན་ཞིང་།  ཆེ་ས་ནས་གྲོང་ཚོའི་འཕེལ་རྒྱས་འཆར་གཞི་འགོད་པ་དང་རྣམ་གྲངས་ཁག་རེ་ཞུ་དང་ལག་བསྟར་བྱ་རྒྱུ་དེ་ཡིན་པས་ད་བར་དུ་གྲོང་ཚོའི་ནང་རྩོད་གཞི་ཏོག་ཙམ་ཀྱང་བསླངས་མ་མྱོང་།

“ལས་འཁྱུར་ངལ་གསོ་བྱས་རྗེས་ང་ལ་འདི་འདྲའི་རང་ནུས་འདོན་སྤེལ་བྱེད་སའི་གར་སྟེགས་ཤིག་སྤྲད་དེ་ཏང་གི་བཀའ་དྲིན་འཇལ་རྒྱུ་བྱུང་བ་འདི་ལས་ལྷག་པ་ཞིག་གང་ན་ཡོད”ཁོང་གིས་མིག་

(པར་ངོས་གཉིས་པར་གཟིགས།) (པརངོས་དང་པོར་མཐུད།)སྔར་གྱི་ལས་ཀར་ཧ་ཅང་བློ་ཡིད་ཚིམས་པོ་བྱུང་ཡོད།

ནོར་བུ་མདོ་ཁྲི་གྲོང་ཚོ་ཐོག་མར་འོས་འགན་ལས་དོན་སྒྲུབ་པར་ཡོང་དུས་རང་སྐྱོང་ལྗོངས་ཀྱིས་རྨང་བརྟན་དམངས་ཕན་བྱེད་སྒོ་ཁག་དང་པོ་སྤེལ་བའི་ལོ་དེ་ཡིན།

“2011ལོར་ང་ཚོ་མདོ་ཁྲི་གྲོང་ཚོ་ཡོང་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་།  ཡོང་འབབ་འཕར་སྣོན།  ཐུན་མོང་གི་དཔལ་འབྱོར་འཛུགས་པར་གྲ་སྒྲིག་བཅས་ཀྱི་ཐད་རོགས་རམ་བྱེད་པར་རིག་གནས་དང་།  ནུས་པ།  ཉམས་མྱོང་བཅས་ཡོད་མཁན་ཧ་ཅང་དཀོན་པ་དང་།  ཉེ་འགྲམ་དུ་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཉེན་རྟོག་པ་ཞིག་ཡོད་པ་གོ་ཐོས་བྱུང་། ”ཞེས་ཁག་དང་པོའི་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་གཙོ་གཞོན་པ་ཕུར་སྒྲོན་གྱིས་དེ་ལྟར་བཤད།

“1994ལོར་ནད་གཞི་ལྕི་མོ་ཞིག་ཕོག་ནས་ལས་འཁྱུར་མི་བྱ་ག་མེད་བྱུང་།  མདོ་ཁྲི་གྲོང་ཚོ་ཁག་དང་པོའི་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་གཙོ་བློ་ཚེ་ཡིས་ང་རང་འབོད་དུས་གཟུགས་གཞི་བདེ་ཐང་ཅུང་བྱུང་ཡོད།  གཉེན་ཉེས་ངོ་རྒོལ་མ་འཛེམས་པར་ཁས་ལེན་བྱས་པ་ཡིན”ནོར་བུའི་ལྷད་མེད་ཀྱི་རྣམ་འགྱུར་ལས་ཏང་དང་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོས་ཁེངས།

ཁོས་བཤད་རྒྱུར་བརྩེ་བ་འདི་ནི་ཏང་གིས་ང་ལ་ཕ་མ་ལྟ་བུའི་བྱམས་སྐྱོང་གནང་བའི་བཀའ་དྲིན་དང་།  རྩ་འཛུགས་ཀྱིས་ང་ལ་གཉེན་ཉེ་ལྟ་བུའི་ཐུགས་ཁུར།  མང་ཚོགས་ཀྱིས་ཕ་དང་གཅེན་པོ་ལྟ་བུའི་འགྱུར་མེད་ཡིད་ཆེས་བཅས་ལས་བྱུང་བ་ཡིན་ལ།  བརྩེ་བ་འདི་ནི་ངས་གཞི་རིམ་ལ་ཞབས་ཞུ་དང་མི་དམངས་ལ་ཞབས་ཞུ་འདང་ངེས་པ་བྱས་པའི་སྒུལ་ཤུགས་ཡིན།

ལོ་དྲུག་ཡིན་དུས་ཀྲུང་དབྱང་གིས་བོད་དུ་དམངས་གཙོ་བཅོས་སྒྱུར་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་ཕ་ཡུལ་མི་དམངས་ཀྱིས་དགའ་འབོད་བྱེད་པའི་རྣམ་པ་དེ་ད་ལྟའི་བར་ཁོའི་སེམས་ནས་བརྗེད་རྒྱུ་མི་འདུག “རིང་ཐུང་ལ་ཁྲེ་ཙེ་གང་ཡོད་པའི་པང་ལེབ་ཐོག་ཏུ་དུད་ཁྱིམ་སོ་སོའི་ཐེམ་མིང་བྲིས་ནས་ཁྱིམ་གྱི་ལོ་ན་རྒན་པས་དགའ་དགའ་སྤྲོ་སྤྲོའི་ངང་སྲིད་གཞུང་གིས་བགོ་བཤའ་སྤྲད་པའི་ས་ཞིང་ཐོག་ཏུ་འཛུགས་དགོས”ཕྱིར་དྲན་བྱེད་སྐབས་ཚོར་སྣང་ཟབ་མོ་ལྡན་ཡོད། “མི་ལུས་ལ་རང་དབང་ཙམ་ཡང་མེད་པའི་ཞིང་བྲན་ཚོ་ལ་གློ་བུར་དུ་རང་ཉིད་ལ་དབང་བའི་ས་ཞིང་ཡོད་པར་གྱུར་བས་དེ་ནི་ངོ་མ་མཚན་མོའི་མུན་ནག་ནས་དྲོ་འཇམ་གྱི་ཉི་འོད་འོག་ཏུ་སླེབས་པ་དང་འདྲ། ”

ལོ་འགའ་འགོར་རྗེས་སྲིད་གཞུང་གིས་བྲག་གཡབ་ཀྱི་དགོན་པ་ཞིག་གི་ནང་སློབ་གྲྭ་ཞིག་གཉེར་བ་དང་།  ནོར་བུ་ཡང་སློབ་གྲྭ་འགྲོ་མཁན་ཐོག་མར་གྱུར་བ་མ་ཟད་ལོ་ན་ཆེས་ཆུང་ཤོས་ཀྱང་རེད། “སློབ་གྲྭ་དེ་ནས་ངས་བོད་ཡིག་གི་གསལ་བྱེད་སུམ་ཅུ་ཁོང་དུ་ཆུད་པར་བྱས་ནས་རིག་གནས་ཤེས་བྱ་དང་འཚོ་བ་གསར་པའི་དབུ་འཁྱུད་འབྲི་མགོ་བརྩམས་པ་ཡིན། ”

ན་སོ་དར་ལ་བབས་མ་ཐག་ཏུ་སྲིད་གཞུང་གིས་ལས་ཞུགས་ཀྱི་གོ་སྐབས་སྤྲད་པ་རེད། 1973ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཁའ་དམག་སློབ་གྲྭའི་སྦྱོང་བརྡར་ཚོགས་པ་ཁག་བརྒྱད་པ་བོད་དུ་ཡོང་ནས་སློབ་མ་བསྡུས་པ་དང་ནོར་བུ་ཡང་བདེ་བླག་ངང་བསྡུ་ལེན་བྱས།

“འདི་ལྟར་རྒྱལ་ཁབ་ཀྱིས་ལྟ་རྟོག་དང་གསོ་སྐྱོང་འོག་ཏུ་ཞིང་འབྲོག་པའི་གཞོན་ནུ་ཞིག་རིག་གནས་ཤེས་བྱ་དང་ཆེད་ལས་ནུས་རྩལ་འཛོམས་པའི་མི་ཞིག་ཏུ་གྱུར། གལ་སྲིད་སྔར་སྦྱངས་ཟིན་པའི་ཤེས་བྱ་དག་གིས་མི་དམངས་ལ་བདེ་སྐྱིད་ལ་སྐྲུན་པ་དང་།  ཕ་ཡུལ་ལ་དྲིན་ལན་འཇལ་བ།  གཞི་རིམ་འཕེལ་རྒྱས་ལ་ནུས་པ་འདོན་པ་བཅས་བྱ་མ་ཐུབ་ཚེ་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ལ་ངོ་གནོང་དགོས་པ་ཞིག་ཅི་ལ་མིན།”ནོར་བུས་དེ་སྔར་བཤད་པའི་ཐོག་མའི་བསམ་འདུན་སྔར་བས་བརྟན་དུ་སོང་།

ལོ་ལྔའི་རྗེས་སུ་ནོར་བུ་དང་བོད་ཀྱི་ས་ཁུལ་ཁག་ནས་ཡོང་བའི་སློབ་མ་བཞི་བཅུ་ལྷག་སློབ་གྲྭར་ཐོན་པ་དང་།  རྩ་འཛུགས་ཚན་པས་ཀྲུང་དབྱང་གི་དམངས་ཁོངས་ནས་ཕྱིར་འབུད་པའི་འབྲེལ་ཡོད་གཏན་འབེབས་ལྟར།  ཁོ་དམིགས་བསལ་དམག་མི་ཡིན་པས་སྐབས་དེར་ཆ་རྐྱེན་སོགས་གང་ཅིའི་ཐད་ཅུང་ལེགས་པའི་ཆབ་མདོ་སྦྲག་ཏར་རླངས་འཁོར་འབབ་ཚུགས་སུ་ལས་བགོ་བྱས་ཀྱང་ཐོག་མའི་བསམ་འདུན་མངོན་འགྱུར་བྱེད་སླད་ཁོས་རང་འགུལ་གྱི་ཐོག་སྐབས་དེའི་དབུལ་ཕོངས་རྫོང་སྟེ་བྲག་གཡབ་རྫོང་དུ་འགྲོ་རྒྱུའི་རེ་ཞུ་བྱས།

བྲག་གཡབ་དུ་ནོར་བུས་རྫོང་ནང་རླངས་འཁོར་གཉིས་མ་གཏོགས་མེད་པ་ཤེས་འཕྲལ་རང་འགུལ་གྱིས་རླངས་འཁོར་གཏོང་བ་དང་ཁ་ལོ་བ་གཞན་དག་ལ་རླངས་འཁོར་ཁ་ལོ་སྒྱུར་བ་དང་ཉམས་གསོ་ལག་རྩལ་གྱི་ལས་འགན་ཕྲག་ཏུ་བླངས། ལོ་རབས་བརྒྱད་ཅུ་བའི་ནང་སྒྱུར་བཅོས་ཀྱི་མཐོ་རླབས་འཕྱུར་བ་དང་ཁོས་རླངས་འཁོར་རུ་ཁག་འགན་དུ་བླངས་པས་དཔལ་འབྱོར་གྱི་ཁེ་ཕན་ངེས་ཅན་བླངས་པ་མ་ཟད་མི་ཁ་ཤས་ཕྱུག་འགྱུར་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱུང་། ལོ་ཁ་ཤས་འགོར་རྗེས་རྒྱལ་ཁབ་ཀྱི་སྲིད་ཇུས་ལྟར་རླངས་འཁོར་རུ་ཁག་མེད་པར་བཟོས་པས་རྩ་འཛུགས་ཀྱིས་ཁོ་རང་སྤྱི་བདེ་ཅུད་ཉེན་རྟོག་པ་བྱེད་དུ་མངགས། གྱོད་དོན་སྒྲུབ་པ་དང་།  ལོ་ཙཱ་བྱེད་པ།  རླངས་འཁོར་གཏོང་བ།  ཉམས་གསོ་སོགས་ལས་རིགས་སྣ་མང་སྒྲུབ་དགོས་པ་དང་འོས་འགན་ཇེ་མང་དུ་སོང་།  རི་ཁུལ་དང་གྲོང་གསེབ་ཏུ་འགྲོ་བ་དང་།  མཚན་མོ་ཞག་འདུག་བྱེད་པ་སོགས་ནི་ནོར་བུའི་རྒྱུན་ལྡན་གྱི་ལས་ཀ་ཞིག་ཏུ་གྱུར་བ་དང་མཐར་ལུས་པོའི་མི་ལྕོགས་པར་གྱུར། སྨན་ཁང་དུ་བརྟག་ཞིབ་བྱས་པ་བརྒྱུད་མཆིན་པ་མཁྲེགས་འགྱུར་གྱི་ནད་ཕོག་ཡོད་པ་གཏན་འཁེལ་བྱས་པ་དང་ཁོས་ཨུ་ཚུགས་ཆེན་པོས་མགོ་བོ་ཕྱིར་འཁོར་ནས་བུད་སོང་།

“ངའི་ནད་འདི་ཅི་ལྟར་བཅོས་ཀྱང་བཅོས་ཐབས་མེད་པས་རྒྱལ་ཁབ་ཀྱི་དངུལ་འཕྲོ་བརླག་གཏོང་དོན་གང་ཡོད”

རྫོང་གིས་གནས་ཚུལ་ཤེས་རྗེས་ཧ་ཅང་མཐོང་ཆེན་བྱས་པ་དང་།  རྫོང་གི་འགོ་ཁྲིད་ཁོའི་ཁྱིམ་དུ་ཐེངས་གསུམ་ལ་ཡོང་སྟེ་ཁེ་ལས་ན་ལས་ཀ་ཡོད་པའི་ཆུང་མ་ལས་ཁུངས་སུ་གནས་སྤོ་བྱས་ན་ཕྱི་ཕྱོགས་སེམས་ཁྲལ་ཐག་གཅོད་ཐུབ་པ་དང་།  དེ་མིན་ནད་བཅོས་ཡག་པོ་བྱེད་པར་སྨན་རིན་སོགས་འགྲོ་གྲོན་ཚང་མ་རྩིས་ལེན་བྱེད་ཆོག་པའི་ཁ་ཏ་བསླབ་བྱ་གནང་བས་ནོར་བུ་སེམས་འགུལ་ཟབ་མོ་ཐེབས་པ་དང་།  ཁོས་སྨན་ཁང་སོང་ནས་སྨན་བཅོས་བྱས་ན་རྒྱལ་ཁབ་ཀྱི་དངུལ་འཕྲོ་བརླག་ཏུ་གཏོང་སྲིད་པས་སྔར་བཞིན་སྨན་ཁང་དུ་མ་སོང་བར་བསྡད།  མཐའ་མར་ནད་གཞི་ཇེ་སྡུག་སོང་ནས་རྫོང་གི་བཙན་སྐུལ་གྱིས་ཁྲེན་ཏུའུ་རུ་སྨན་བཅོས་བྱེད་དུ་སྐྱེལ།

ནད་བཅོས་རབ་དང་རིམ་པ་བྱས་པ་བརྒྱུད་ནད་གཞི་ཇེ་ཡངས་སུ་སོང་བས་ནོར་བུ་ཡང་བསྐྱར་ལས་རྐང་ཐོག་ཏུ་སླེབས།  ལོ་གཅིག་གི་རྗེས་སུ་ནོར་བུས་ལས་འཁྱུར་སྙན་ཞུ་ཕུལ་ནས“ང་ཚོའི་གཞུང་དོན་ཁང་གི་འགན་འཁྲི་ཉག་ཅིག་ནི་ལས་གྲྭ་ཚུགས་གྲོལ་གྱི་ལམ་ལུགས་ཚད་ལྡན་དུ་གཏོང་རྒྱུ་དེ་ཡིན་ལ། གཟུགས་གཞི་བདེ་ཐང་མིན་པའི་རྐྱེན་གྱིས་རྒྱུན་དུ་དགོངས་འཁྲོལ་ཞུ་དགོས་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་མི་ཐུབ་པས་ནར་འགྱངས་བྱས་ཏེ་ལས་ཁུངས་ལ་ཤུགས་རྐྱེན་ངན་པ་ཐེབས་མི་རུང་། ”བོད་སྨན་དང་ནུབ་སྨན་ཟུང་འབྲེལ་གྱི་ཐོག་ནས་ནད་བཅོས་བྱས་པས་ནོར་བུའི་གཟུགས་གཞི་སླར་གསོ་བྱུང་བ་དང་ཁོས་སླར་ཡང་ལས་ཞོར་གྱི་དུས་ཚོད་ཡོད་ཚད་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ཐད་བཀོལ་རྒྱུའི་ཐད་སེམས་ཐག་གཙང་བཅས་བྱས་པ་རེད།

ལོ་ངོ་བརྒྱད་ཀྱི་རིང་ལ་མདོ་ཁྲི་གྲོང་ཚོ་རུ་བྱེ་རྡོ་བཟོ་གྲྭ་བཙུགས་པ་དང་།  ཞིང་འབྲོག་པའི་ཨར་ལས་རུ་ཁག་དབུ་བརྙེས་པ།  བྲ་བོ་ལས་སྣོན་བཟོ་གྲྭའི་འཆར་འགོད་སོགས་ཀྱི་ནང་ནོར་བུའི་དཀའ་སྡུག་གི་རྔུལ་ཆུ་གཏོར་ཡོད།

ནོར་བུས་རང་ཉིད་ཀྱི་སྒེར་འཁོར་བཏང་ནས་རྫོང་དང་གྲོང་ཁྱེར་དེ་མིན་ལྷ་ས་སོགས་སུ་སོང་ནས་འབྲེལ་ཡོད་ཚན་པར་གྲོང་ཚོའི་ནང་གི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་སྙན་ཞུ་ཕུལ་ནས་རྣམ་གྲངས་མ་འཇོག་དང་སྲིད་ཇུས་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱེད་ཀྱིན་ཡོད་པ་དང་།  འཕྲུལ་རྟ་བསྐོར་ནས་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་གི་གམ་དུ་སོང་ནས་གྲོང་ཚོའི་ནང་གི་དགེ་མཚན་དང་གནད་དོན་དབྱེ་ཞིབ་བྱས་ནས་ཇི་ལྟར་ཐག་གཅོད་པའི་བྱ་ཐབས་དང་རྐྱེན་ངན་སེལ་ཐབས་ལ་གྲོས་བསྡུར་བྱེད་ཀྱིན་ཡོད།

ཕྱོགས་སོ་སོ་ནས་འབད་འཐབ་ལྷོད་མེད་བྱས་པས་དེ་སྔའི་དབུལ་ཕོངས་ཡིན་པའི་མདོ་ཁྲི་གྲོང་ཚོའི་ཕྱུག་འགྱུར་ལམ་བུ་ཇེ་ཡངས་སུ་གྱུར་བ་དང་།  གྲོང་ཚོ་ཐུན་མོང་གི་དཔལ་འབྱོར་གཅིག་ཀྱང་མེད་པའི་གྲོང་ཚོ་དེ་ད་ལོ་གཏན་འཇགས་མ་དངུལ་སྒོར་ཁྲི320ཡན་བརྒལ་བ་མ་ཟད་གྲོང་མིའི་མི་རེའི་ཡོང་འབབ་ཆ་སྙོམས་སྒོར6000ལྷག་ཟིན་པ་དང་། 2011ལོ་དང་བསྡུར་ན་ལྡབ་དྲུག་གིས་འཕར་སྣོན་བྱུང་ཡོད།(དཔལ་ཐར་རྒྱལ་གྱིས་བསྒྱུར།)