ས་གཞི་ཆེན་པོའི་ལེགས་སྐྱེས། རླུང་དང་ཉི་འོད་ཀྱི་བརྩམས་ཆོས།

——བོད་ལྗོངས་སྨར་ཁམས་ཀྱི་ཚྭ་ཞིང་གི་འཕོ་འགྱུར།

གསར་འགྱུར་སྤེལ་དུས།  【2019-06-21 14:50:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ།  རྫ་ཆུ་སྔོན་མོ་རྒྱུག་ཁུལ་དུ་གནས་པའི་བོད་ལྗོངས་སྨར་ཁམས་རྫོང་འཇང་མི་རིགས་ཤང་ཚྭ་ལྷོ་སྟོད་གྲོང་ཚོ་དང་ལྕགས་རྟ་གྲོང་ཚོའི་གྲོང་མིས་མི་རབས་ནས་མི་རབས་བརྒྱུད་དེ་ད་བར་ཚྭ་བཟོ་བ་དང་ཚྭ་ཞིང་འདེབས་བཞིན་ཡོད།ས་འདིའི་རྒྱུད་དུ་ལོ་རྒྱུས་དེབ་ཐེར་ཐོག་ཚྭ་ཁ་ལྷོ་ཞེས་གྲགས་ཤིང་ད་བར་འདི་ལྟར་འབོད་ཀྱི་ཡོད་པ་དང་། ད་བར་ལོ་ངོ་1300ལྷག་ཙམ་གྱི་ཚྭ་ཐོན་པའི་ལོ་རྒྱུས་ལྡན་ཡོད།

ལྕགས་རྟ་གྲོང་ཚོ་ནི་རྫ་ཆུའི་ནུབ་ངོགས་སུ་གནས་པ་དང་ཚྭ་ཞིང་ནས་གཙོ་བོ་ཚྭ་དམར་ཐོན་པ་དང་། ཚྭ་དཀར་པོ་ཉུང་ཤས་ཀྱང་ཐོན་གྱི་ཡོད། ཚྭ་ལྷོ་སྟོད་གྲོང་ཚོ་ནི་རྫ་ཆུའི་ཤར་རྒྱུད་དུ་གནས་པ་དང་ཚྭ་དཀར་ཁོ་ན་ལས་ཐོན་གྱི་མེད། དགུང་ལོ་53ལ་ཕེབས་པའི་ལྕགས་རྟ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་དོན་ལྡན་གྱིས། མིག་སྔར་ལྕགས་རྟ་གྲོང་ཚོར་ཚྭ་ཞིང་ཆེ་ཆུང་མི་འདྲ་བ་2777ཡོད་ཅེས་ངོ་སྤྲོད་གནང་།

རྫ་ཆུ་སྔོན་མོའི་རྒྱུད་དུ་གནས་ཀྱང་ཚོན་མདོག་མི་འདྲ་བའི་ཚྭ་ཐོན་པ་དེར་ས་ཆ་དེ་གའི་མང་ཚོགས་ཀྱིས་རྫ་ཆུ་ཤར་གྱི་ཚྭ་བཟོ་བའི་ཚྭ་ཁུ་ནི"བྱ་མོ"ཡིན་པས་སྐེམ་པའི་ཚྭ་ནི་མདོག་དཀར་པོ་ཡིན་པ་དང་། རྫ་ཆུའི་ནུབ་ཀྱི་ཚྭ་ཁུ་ནི"བྱ་ཕོ"ཡིན་པས་སྐེམ་པའི་ཚྭ་ནི་མདོག་དམར་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

"དོན་དངོས་ཐོག་ཚྭ་དམར་དང་ས་རྒྱུའི་དབར་འབྲེལ་བ་ཅུང་ཟད་ཡོད། ང་ཚོའི་འདིར་ས་རྡོའི་ཁ་དོག་ནི་རྩ་བའི་ཐོག་ནས་མདོག་དམར་པོ་དང་དམར་སྨུག་ཡིན་པས། ཚྭ་དམར་ནི་དེ་ལས་འགོས་པ་ཡིན་གྱི་རེད"ཅེས་སྐལ་བཟང་དོན་ལྡན་གྱིས་གསུངས།

སྲོལ་རྒྱུན་གྱི་ཡུལ་ཚྭ་བཟའ་བ་དེས་བོད་རང་སྐྱོང་ལྗོངས་འདི་ཉིད་རང་རྒྱལ་གྱི་ཏེན་རྒྱུ་མི་འདང་བའི་ནད་ཐོན་མང་བའི་ཁུལ་དང་ནད་གཞི་ལྕི་བའི་ཁུལ་གྲས་ཤིག་ཏུ་གྱུར་ཡོད། 2008ལོ་ནས་བཟུང་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཏེན་ཚྭ་ཁྱབ་གདལ་གཏོང་ཤུགས་རིམ་བཞིན་ཆེ་རུ་བཏང་བ་དང་། 2016ལོར་སླེབས་སྐབས་ཁྱབ་ཚད་98%ལས་བརྒལ་ཐོག་ཞིང་འབྲོག་པར་ད་དུང་ཏེན་ཚྭ་ཉོ་སྒྲུབ་བྱེད་པའི་ཁ་གསབ་ལོངས་སུ་སྤྱོད་ཀྱི་ཡོད།

ཏེན་ཚྭ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས་བོད་བྱང་ཐང་གི་འབྲོག་པ་ཚོས་ཚྭ་མཚོ་ནས་ཚྭ་ལེན་པའི་སྲོལ་རྒྱུན་མེད་པར་གྱུར་ཡོད། འོན་ཀྱང་བོད་ཤར་གྱི་ཚྭ་ཁ་ལྷོ་ནས་ད་དུང་མུ་མཐུད་ཚྭ་ཐོན་གྱི་ཡོད། "ས་འདིའི་ཚྭ་ཞིང་ཚང་མར་ལོ་རེར་གཞི་རྩའི་ཆ་ནས་ཚྭ་སྤྱི་རྒྱ་500ཡས་མས་ཐོན་གྱི་ཡོད"ཅེས་སྐལ་བཟང་དོན་ལྡན་གྱིས་གསུངས་པ་དང་། ཚྭ་ཞིང་རེ་རེའི་ཆེ་ཆུང་ལ་སྨི་ངོས་གྲུ་5ཡས་མས་ཡོད།

ས་ཆ་དེ་གའི་མི་རྣམས་ཀྱིས་ད་བར་ཚྭ་དོང་འདྲུ་བ་དང་ཚྭ་ཞིང་བཟོ་བ། ཚྭ་ཁུ་བཙགས་ནས་སྐེམ་པ། ཚྭ་རྡོག་བསྡུ་བ་བཅས་ཀྱི་གནའ་བོའི་ཚྭ་བཟོ་བའི་ཐབས་ཤེས་བཟུང་གི་ཡོད། ད་ཆ་ཆུ་འཐེན་འཕྲུལ་འཁོར་གྱིས་ས་འོག་ནས་ཚྭ་ཁུ་ཐད་ཀར་བཏོན་ཆོག་པས་དེ་གའི་བུད་མེད་ཚོས་དེ་སྔོན་ཆུ་ཟོམ་ཁུར་ཏེ་ཚྭ་དོང་ནས་ཚྭ་ཁུ་ལེན་པའི་དཀའ་སྤྱད་ཀྱི་ལོ་རྒྱུས་ལ་འགྱུར་ལྡོག་བཏང་ཡོད།

ཉི་འོད་འོག་ཏུ་བསིལ་རླུང་ལྡང་བས་ཚྭ་ཞིང་ཐོག་རླབས་འོད་ཆེམ་ཆེམ་འཕྲོ། ཚྭ་ཁུ་ཚྭ་ཞིང་དུ་དྲངས་ནས་ཉི་འོད་དང་རླུང་གི་རླངས་འགྱུར་ནུས་པར་བརྟེན་ཚེ་ད་གཟོད་དུས་ཡུན་གཟའ་འཁོར་གཉིས་ནང་འབྲས་བུ་ཐེངས་གཅིག་ཐོབ་ཀྱི་ཡོད།

ལོ་གཅིག་ནང་དབྱར་གཞུང་ཆར་དུས་སྐབས་ཀྱི་ཟླ་བ་གཉིས་གསུམ་ཕུད། དེ་བྱིངས་དུས་ཚོད་ནང་ཚྭ་བཟོ་བ་དང་ཚྭ་བཏོན་ཆོག "ང་ཚོ་ས་འདིའི་ཚྭ་ལ'ཁམ་བུའི་ཚྭ'ཡང་ཟེར། དེ་ནི་ཁམ་བུའི་མེ་ཏོག་བཞད་པའི་དུས་སུ་འཚོལ་བསྡུ་དང་ལས་སྣོན་བྱས་པའི་ཚྭའི་སྤུས་ཚད་ལེགས་ལ་ཐོན་འབབ་མཐོ་བས་རེད"ཅེས་སྐལ་བཟང་དོན་ལྡན་གྱིས་གསུངས་པ་དང་། ཁོང་གིས་ད་དུང་མི་ལ་ལས་ཚྭ་དམར་ནི་ཁམ་བུའི་མེ་ཏོག་ལྟ་བུར་སྣང་བས་ཁམ་བུའི་མེ་ཏོག་གི་ཚྭ་ཞེས་འབོད་ཀྱི་ཡོད་ཅེས་གསུངས།

ཁོང་གིས། མིག་སྔར་གྲོང་ཚོ་ཡོངས་ཀྱི་དུད་ཚང་213དང་མི་1236གི་ན་ནིང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7500ཟིན་པ་དང་། དེའི་ཁྲོད་ཚྭ་ཞིང་གི་ཡོང་འབབ་ཕྱེད་ཀ་ཙམ་ཟིན་ཡོད། དེ་བྱིངས་ནི་ཞིང་ལས་དང་གླ་པར་སྐྱོད་པའི་ཡོང་འབབ་རེད། ས་ཆ་དེ་གའི་དུད་ཚང་མང་ཤོས་ལ་ཚྭ་ཞིང་50ལྷག་ཙམ་ཡོད་པ་དང་ཉུང་ཤོས་ལའང་ཚྭ་ཞིང་ལྔ་དྲུག་ཙམ་ཡོད་ཅེས་ངོ་སྤྲོད་གནང་།

ས་འདིའི་ཚྭ་ཞིང་ཚང་མ་རི་འདབས་ཀྱི་ཆུ་འགྲམ་དུ་གནས་ཡོད་པ་དང་། ཤིང་གིས་སྐྱོར་ཞིང་དེའི་སྟེང་ས་འཇམ་པོ་ཞིག་བཏིང་ཡོད། ཚྭ་ཞིང་རེ་རེའི་གཤམ་འོག་ཏུ་སྒྲོམ་སྐྱོར་བའི་ཤིང་དུམ་བུ་འགའ་ཤས་ཡོད། ཚྭ་ཞིང་སྟེང་སྐྱོད་སྐབས་ཡམ་ཡོམ་ཅི་ཡང་མི་བྱེད་པ་དང་། སྒྲོམ་སྐྱོར་གྱི་འོག་ཏུ་ཚྭ་ཐིགས་ལས་གྲུབ་པའི་ཚྭ་དུམ་མང་པོ་མངོན།

ཚྭ་ཞིང་སྟེང་གི་ངལ་ལས་གཙོ་བོ་ནི་ད་བར་བུད་མེད་ཀྱིས་འགན་འཁུར་བ་དང་། "དེ་སྔོན་སྐྱེས་པ་རྣམས་ཐག་རིང་དུ་ཚྭ་འཚོང་བར་འགྲོ་གི་ཡོད། ད་ཆ་ངལ་རྩོལ་ནུས་ཤུགས་ལྡན་པའི་དར་མ་རྣམས་རྩ་བའི་ཆ་ནས་ཕྱིར་ཡོང་འབབ་གསོག་པར་འགྲོ་གི་ཡོད"ཅེས་སྐལ་བཟང་དོན་ལྡན་གྱིས་གསུངས་པ་དང་། ཁོང་གིས་རང་ཉིད་ལོ་བཅུ་གསུམ་བཅུ་བཞིར་སླེབས་སྐབས་ཕ་མེས་དང་མཉམ་དུ་སི་ཁྲོན་དང་མཚོ་སྔོན། ཡུན་ནན་སོགས་བོད་རིགས་ས་ཁུལ་དང་བོད་ཀྱི་ཉིང་ཁྲིའི་རྒྱུད་དུ་ཚྭ་འཚོང་བར་འགྲོ་མྱོང་ཡོད། "དཀའ་ལས་ཧ་ཅང་ཁག་པོ་ཡོད"ཅེས་གསུངས། ད་ཆ་ས་ཆ་ཁག་གི་ཚྭ་ཚོང་རྒྱག་མཁན་ཚོས་དུས་བཀག་ལྟར་རླངས་འཁོར་བཏང་ནས་ཚྭ་བསྡུ་བར་ཡོང་གི་ཡོད་ཅིང་། རྒྱ་མ་གང་ལ་རིན་གོང་སྒོར་གཅིག་སྤྲོད་པ་དང་ཐེངས་རེར་ཏུན་བཅུ་ཕྲག་ཁ་ཤས་ཟིན་གྱི་ཡོད།

ཚྭ་ཁ་ལྷོའི་ཚྭ་ཞིང་ལ་ད་བར་རང་རྒྱལ་གྱི་མངའ་ཁོངས་སུ་ཅུང་ཆ་ཚང་བའི་གནའ་བོའི་ཚྭ་བཟོའི་ཐབས་ཤེས་སོར་འཇོག་བྱས་ཡོད། 2019ལོར་སྨར་ཁམས་རྫོང་གིས་ཚྭ་ཁ་ལྷོའི་ལོ་ངོ་སྟོང་གི་ཚྭ་ཞིང་གི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་སྐུལ་སྤེལ་ཧུར་ཐག་བཏང་ནས་ཚྭ་ཁ་ལྷོའི་སྲོལ་རྒྱུན་ཚྭ་ལས་དེ་ཉིད་དེ་བས་རྒྱ་ཆེ་བའི་ཁྲོམ་རར་ཁ་ཕྱོགས་པ་བྱ་རྒྱུ་རེད།