དགེ་རྒན་དུས་ཆེན་སྐབས་ཀྱི་དྲན་སྣང་།

སྨུག་པོ།

གསར་འགྱུར་སྤེལ་དུས།  【2019-09-10 17:25:00】

ས་གཞི་རྡུལ་གྱི་ཁ་ལོ།

སྦྲང་ཆར་བསིལ་མའི་བཅུད་ཀྱིས་གསོ།

མཐིང་མདོག་གི་དབྱར་ལྗོངས་སུ།

བཀྲག་མདངས་ལྡན་པའི་ཞབས་བྲོ་སྣ་ཚོགས་འཁྲབ།

ལྗང་བུའི་ཟེ་བ་ལ་དབྱངས་གསལ་གྱི་ང་རོ་བྲིས།

སྦྲང་ཆར་ཤག་ཤག་ཏུ་འཇོ་བ།

མི་ཚེའི་ཟློས་གར་དུ་བསམ་ན་ཇི་འདྲའི་སྐྱིད།

བར་སྣང་ལ་ཉི་འོད་རྟག་ཏུ་འཚེར་བ།

སྙིང་སྟོབས་གང་གི་བདག་གིར་བྱས་པའི་སྤྲིན་ཕུང་།

གྲིབ་བསིལ་དང་ཟེར་བརྒྱ་རེས་མས་སུ་སྤྲོ་དུས།

འཇའ་ཚོན་ལྡིང་ཁང་དུ་མཚར་སྡུག་གི་རྨི་ལམ་འཁྲུངས།

སྒོ་སམ་གྲུ་བཞི་རུ་རྨོན་པ་དོར་ལ་བསྡེབས་ཏེ།

རྣོ་ལྡན་ཀྱོ་བ་མུན་པའི་གླིང་དུ་བརྐྱོངས་དུས།

རང་ཉིད་ཀྱི་ངོ་གདོང་ལ་བྱི་དོར་ཐོབ་པའི།

ང་རྒྱལ་དང་བདེ་བ་ཐམ་ཐོམ།

ལམ་འགྲམ་གྱི་བསིལ་བའི་ཚལ་དུ་ལྷུང་བ།

ཉིན་ཐོའི་ཤོག་ལྷེ་ངོས་སུ་ལམ་ལམ་འོད་དུ་འཚེར།

སྦྲང་ཆར་གྱི་དངོས་གྲུབ་ཐོབ་པ་དག

ཡིག་ཚོགས་ཀྱི་རལ་བ་སྟུག་པོ།

མཚམས་སྤྲིན་གྱི་དམར་མདངས་ལ་བསྲེས་ཏེ།

འཕུར་ལམ་ཡངས་བའི་གཤོག་རྩལ་ལ།

ཁེངས་དྲེགས་ཀྱི་སྤུ་ལོང་རབ་ཏུ་རྒྱས་དུས།

བདག་གི་མིང་ནས་ཡང་ཡང་འབོད་བཞིན་ཡོད་དམ།

གངས་རིའི་རྨུ་ཐག

ནམ་མཁའི་དབྱིངས་སུ་འཐེན་པ།

གནམ་གྱི་སྲས་པོ་ག་ལ་ཡིན།

ས་སྨྱུག་གི་དར་ཐག

འཛིན་མའི་ཁྱོན་ལ་འཐེན་པའི།

རྫི་བོ་ཕལ་བའི་མི་ཚེའི་གོམ་འགྲོས་འདིས་ཀྱང་།

དེ་ཡི་ངང་ཚུལ་ནམ་ཡང་འཛིན།

འོན་ཀྱང་།

སྐྱ་རེངས་གསལ་དུས་སྨུག་ལོང་འཐིབས་པ།

སུ་དང་གང་གིས་མཁྱེན་ནམ།

རྡོག་སྣེ་གཡང་ལ་མི་ལྷུང་བའི་མན་ངག

ད་དུང་ཡིད་ན་ཡོད་དམ།