ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུ་འཚོགས་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ།ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020-02-28 10:10:00】

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཚེས་22ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཟླ་2ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྨན་དོན་མི་སྣར་གཅེས་སྐྱོང་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། 《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ནས་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》ལ་ཞིབ་འཇུག་གནང་བ། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་འཕེལ་རྒྱས། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན། དེ་བཞིན་ས་ཁུལ་དང་གྲོང་ཁྱེར་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་སྤེལ་ཚུལ་གསན་པ་རེད།

ཚོགས་འདུའི་ཐོག་ཉེ་བའི་ཟླ་བ་གཅིག་རིང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། ལྷག་པར་དུ་འཐབ་ས་དང་པོའི་ལས་དོན་མི་སྣ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་གཏིང་ཟབ་བསྟར་བ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་ནན་པོ་བྱས་པའི་ཁར། རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཐོན་སྐྱེད་སླར་གསོ། བརྟན་ལྷིང་སྲུང་སྐྱོང་བཅས་དོན་ཆེན་གསུམ་དཔུང་པ་མཉམ་གཤིབ་ཀྱིས་ཐུན་མོང་ཐོག་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ་ལས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཁྱོན་ཡོངས་ནས་བརྟན་པོ་བྱུང་ཡོད་ཅེས་བསྟན་པ་རེད།

ཚོགས་འདུའི་ཐོག་གཤམ་གསལ་ཕྱོགས་དྲུག་ཐད་ནས་ནན་བཤད་བྱས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་བས་བརྟན་པོ་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མདུན་བཅར་བཀོད་འདོམས་བྱེད་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ནས། ཧུར་བརྩོན་ཆེན་པོས་དམག་འཐབ་ཆེན་པོའི་ཁྲོད་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས་པ་དང་། ཡིག་རྒྱུག་ཆེ་མོའི་ཁྲོད་ཚད་ལོན་གྱི་རྒྱུགས་ཤོག་ཅིག་འབུལ་དགོས། གཉིས་ནས་སྔོན་འགོག་ཚོད་འཛིན་དེ་བས་ཚན་རིག་དང་མཐུན་པ་བྱེད་དགོས་ཤིང་། ལྟ་སྟངས་གཅིག་མཚུངས་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་མངོན་པར་བྱེད་པ་དང་། ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་དང་ཁྲིམས་བཞིན་བཅོས་སྐྱོང་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་སྣ་རྒྱུན་གཏན་ལྟར་འགྲོ་འོང་དང་ཐོན་སྐྱེད་དང་འཚོ་བའི་དངོས་རྫས་རྒྱུན་གཏན་ལྟར་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་དམངས་འདུ་འཛོམས་ཀྱི་བྱེད་སྒོར་དོ་དམ་ནན་པོ་བྱེད་པ་དང་། བསམ་བློར་ཁྲིད་སྟོན་མང་ཙམ་དང་འགལ་བ་ཉུང་དུ་གཏོང་བ། མི་སེམས་དྲོ་བ་དང་མི་སེམས་སྒྲིལ་བའི་བྱ་བ་མང་ཙམ་སྒྲུབ་པ། རྒྱ་ཆེའི་ལས་བྱེད་པའི་དཀའ་སྤྱད་བློས་གཏོང་ལ་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོབ་ཐོབ་པ་བཅས་བྱས་ནས་མི་སྣ་འགྲོ་འོང་དང་མི་སྣ་འདུ་འཛོམས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། གསུམ་ནས་འགན་ལེན་བྱེད་ཤུགས་དེ་བས་ཆེན་པོ་ཡོང་བ་བྱེད་དགོས་ཤིང་། ཚན་རིག་དང་མཐུན་པའི་འགོག་ཟོན་དང་གྲོན་ཆུང་མཐའ་འཁྱོངས་བྱས་ཏེ། འཐབ་ས་དང་པོའི་སྨན་དོན་མི་སྣའི་དགོས་མཁོ་སྔོན་ལ་སྐོང་བ་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། ཤ་ཚལ་སྒོང་གསུམ་སོགས་འཚོ་བའི་མཁོ་ཆས་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་གློག་རླངས་སྣུམ་སོགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་ཏན་ཏིག་སྐོང་དགོས། བཞི་ནས་གཅེས་སེམས་དེ་བས་མཚོན་པར་བྱེད་དགོས་ཤིང་། རྒྱ་ཆེའི་སྨན་དོན་མི་སྣ་དང་འཐབ་ཕྱོགས་དང་པོའི་སྨན་དོན་མི་སྣའི་ནང་མིར་ལྷག་བསམ་ཟོལ་མེད་ངང་གཅེས་སྐྱོང་བྱེད་པ་དང་ཕུལ་བྱུང་གི་དཔེ་མཚོན་དང་སྔོན་ཐོན་གྱི་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཕྱོགས་སྟོན་ཡག་པོ་ཞིག་ཆགས་པར་བྱེད་དགོས། ལྔ་ནས་སྤྱོད་ཚུལ་དེ་བས་དངོས་སྒྲུབ་ཡོང་བ་བྱེད་དགོས་ཤིང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ལྟ་སྐུལ་དང་། ཞིབ་བཤེར། མཛུབ་ཁྲིད་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་ནུས་ལྡན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྒྲིག་ཁྲིམས་ལྟ་སྐུལ་གྱི་འགན་ལེན་བརྟན་པོ་བྱེད་དགོས། དྲུག་ནས་དྲིལ་བསྒྲགས་དེ་བས་གཏིང་ཟབ་བྱེད་དགོས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཐུགས་ཁུར་གནང་སྟེ་ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྐུ་ངོ་མས་བཀོད་སྒྲིག་གནང་ལུགས་མཚོན་པར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོར་སྤྱི་ཁྱབ་ཧྲུའུ་ཅིའི་དམངས་ལ་དགའ་ཞེན་དང་དམངས་ལ་ཞབས་འདེགས་ཞུ་བའི་ཟོལ་མེད་ཀྱི་བརྩེ་སེམས་ཚོར་དུ་འཇུག་པ་བཅས་བྱས་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་ཟུང་འབྲེལ་བྱས་ཏེ་བསམ་པའི་དཔལ་ཡོན་གྱི་སློབ་གསོ་གཏོང་བ་དང་སྨན་བཅོས་འཕྲོད་བསྟེན་དྲིལ་བསྒྲགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་ཤེས་དཔལ་གྱི་བྱང་ཚད་མཐོ་རུ་དང“རང་འགུལ་འགོག་སྲུང”གི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་སྔར་ལས་ལྷག་པ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་མཐའ་གཅིག་ཏུ་དམ་འཛིན་ལྷོད་མེད་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ངོས་འཛིན་སྔར་བས་ཆེ་རུ་གཏོང་བ་དང་བྱ་སྤྱོད་གཅིག་གྱུར་དང་། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། ཕྱོགས་ཡོངས་ལ་བསམ་གཞིགས་མཐའ་འཁྱོངས་བྱེད་པ། སྔོན་འགོག་ཚོད་འཛིན་དང་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་དཔུང་པ་མཉམ་གཤིབ་ཀྱིས་སྒྲུབ་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་ལས་དོན་སྒྲུབ་སྟངས་ལ་བརྩིས་ནས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་ཕྱོགས་ཡོངས་ནས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་བར་བྱེད་པ། དེ་བས་བརྟན་པའི་ཡིད་ཆེས་དང་། དེ་བས་ཞུམ་མེད་ཀྱི་སྙིང་སྟོབས། དེ་བས་འཕྲལ་ཐག་ཆོད་པའི་བྱ་ཐབས་བཅས་ལ་བརྟེན་ནས་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཕྲ། དམ་འཛིན་གནད་སྨིན་བཅས་བྱེད་དགོས་པ་དང་། ལྷག་པར་དུ་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་པོ་ཡོང་བ་བྱེད་པ། ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་པ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་ཡག་པོ་ཞིག་བསྡུ་ཐུབ་པ་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བྱ་ཐབས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་སྟེ་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷག་པ་བྱ་ཆེད་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་ཁུར་ཕོད་མིན་དང་འགན་འཁྲི་དོན་འཁྱོལ་ཐུབ་མིན་ཚད་གཞིར་བཟུང་སྟེ་ལས་བྱེད་པར་ལྟ་སྟངས་འཛིན་པ། དོགས་ཟོན་ཆེར་སྐྱེད་རྒྱུན་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། མཇུག་འབྲས་བསམ་བློ་འཁོར་བ་དང་ཕན་འབྲས་བརྩོན་ལེན་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དང་རིམས་ནད་འགོག་རྒོལ་གྱི་ལས་དོན་ཁྲོད་ཀྱི་ཉམས་མྱོང་ཡག་པོ་དང་བྱེད་སྟངས་བཟང་པོ་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་བྱེད་མཁས་པོ་བྱེད་པ་དང་། གནད་དོན་གསར་པ་ཟམ་མི་ཆད་པར་ཐག་གཅོད་བྱེད་པ། ཉེན་ཁ་གསར་པ་ནུས་ལྡན་སེལ་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ། ལྷོད་གཡེང་གི་བསམ་བློ་དང་དམག་འཐབ་ལ་སུན་སྣང་བྱེད་པའི་བསམ་བློ་ཁྱད་བསད་བྱེད་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་སྐོར་ཞིབ་ལ་ཤུགས་སྣོན་རྒྱག་པ། རིམ་པ་ཁག་གི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།