བྱམས་བརྩེའི་ཐུགས་ཁུར་དང་སྐུལ་ལྕག་ཆེན་པོ།

གསར་འགྱུར་སྤེལ་དུས།  【2020-03-01 12:16:06】

བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛད་བྲེལ་ལྷག་པར་ཆེ་རུང་པེ་ཅིང་སློབ་ཆེན་རྒྱལ་སའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་བྱམས་བརྩེའི་ངང་འཕྲིན་ལན་སྤྲིངས་གནང་ནས་ཁོང་ཚོར་འཇོན་ཐང་ཆེ་རུ་བཏང་ནས་གཞི་རིམ་གྱི་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་ལྕག་སྐུལ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་དེ་ལས་བོད་ཀྱི་ལས་དོན་ལ་མཐོང་ཆེན་གནང་ལུགས་མཚོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་མཚོན་པ། མི་དམངས་ཀྱི་གཙོ་འཛིན་གྱིས་དམངས་ལ་བརྩེ་སེམས་ཟབ་མོ་འཆང་གནང་ལུགས་མཚོན་ཡོད་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སེམས་འགུལ་ཚད་མེད་ཐེབས་པ་དང་། བྱམས་བརྩེ་ཆེན་པོ་ཚོར་བ། སྐུལ་ལྕག་ཆེན་པོ་ཐེབས་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་འཐབ་ཇུས་གནས་བབ་ཐོག་སྔ་ཕྱི་བར་གསུམ་དུ་བཞག་སྟེ་བོད་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་མྱུར་པོ་ཡོང་བ་མ་ཟད། བོད་འདི་ཉིད་རྒྱལ་ཡོངས་དང་དུས་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་བོད་ཀྱི་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་ཆེད་ཐུགས་ནུས་ཆེན་པོ་བཏོན་གནང་ཡོད་ལ། དམིགས་བསལ་གྱི་ཐུགས་ཁུར་གནང་སྟེ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”རྣམ་བཤད་གལ་ཆེན་གསར་གཏོད་ལྡན་པའི་ངང་བཏོན་གནང་བ་དང་། “ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་གཏན་འབེབས་མཛད་པ། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི”མཛུབ་སྟོན་གལ་ཆེན་གནང་བ། བོད་ཀྱི་ལས་ཀའི་ཤུགས་རྒྱག་ས་དང་། དམིགས་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་གསལ་བཟོ་གནང་བ་བཅས་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོར་འཕྲིན་ལན་སྤྲིངས་གནང་བ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་དང་། བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བ། 2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་བཅས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ཏེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས་པའི་ལྕག་སྐུལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ཏེ། “ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཁྱོན་ཡོངས་ནས་གནང་བ། སྐུ་ངོ་མས་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་གཏན་འཁེལ་དང་ལས་དོན་བཀོད་སྒྲིག་གནང་བ་བཅས་ལས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་མཛུབ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་པ་དང་། མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་པ། དྲིན་ཚོར་གྱི་སྒོ་ནས་མདུན་སྐྱོད་ཧུར་ཐག་བྱས་པ་བཅས་ལས་བོད་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ད་ཆའི་བོད་ལྗོངས་ལ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་དར་རྒྱས་གོང་འཕེལ། སྤྱི་ཚོགས་ཁྱོན་ཡོངས་ཡར་རྒྱས། སྣོད་བཅུད་རྒྱུན་མཐུད་བཟང་པོ། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། མཐའ་མཚམས་སྲ་བརྟན། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་ན་མེད་པའི་ཟབ་མོ་བྱུང་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་མཛུབ་ཁྲིད་ནུས་ལྡན། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་དམིགས་བསལ་ཐུགས་ཁུར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས། རྒྱལ་ཡོངས་མི་དམངས་ཀྱི་དུས་ཡུན་རིང་པོའི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་མེད་ཚེ་བོད་ཀྱི་ད་ཆའི་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་ཡོང་མི་སྲིད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ལྷིང་འཇགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའང་ཡོང་མི་སྲིད་པ་དོན་དངོས་ལས་རྩོད་ཐབས་བྲལ་བའི་ར་འཕྲོད་བྱུང་ཡོད།

དཔྱིད་དཔལ་བཞད་པ་དང་བསྟུན་ནས་གངས་ལྗོངས་ས་མཐོར་བརྩེ་བས་ཁེངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་ལས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ལྕག་སྐུལ་ཆེན་པོ་ཐེབས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་བློ་རྩེ་གཅིག་སྒྲིམ་གྱིས་གོ་བ་ལེན་པ་དང་ལག་ལེན་མཐའ་གཅིག་ཏུ་བསྟར་དགོས་པ་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ངང་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་མ་གཏོང་བ་བཅས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་དབུས་སུ་བརྟན་པོར་ཟུག་པར་བྱེད་དགོས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་དབུས་སུ་བརྟན་པོ་འཇགས་པར་བྱེད་དགོས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ཁ་ཕྲལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་དགོས། ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་བཅས་ཀྱིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་སྟེ། གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་དྲིན་ལན་འཇལ་དགོས།