ཆེ་དགྲ་ལྷས་ཆབ་མདོར་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2020-03-10 13:00:00】

འདི་ནི་ཆེ་དགྲ་ལྷས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བརྒྱུད་རིམ་དང་རྒྱུན་ལྡན་གྱི་སྨན་བཅོས་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཟླ་3ཚེས་1ནས་ཚེས་5ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཆབ་མདོར་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ཆེ་དགྲ་ལྷ་དང་བཅས་པ་ཆབ་མདོ་གྲོང་ཁྱེར་གྱི་སྨར་ཁམས་དང་། གོ་འཇོ། ཁ་རུབ། རི་བོ་ཆེ། སྟེང་ཆེན། དེ་བཞིན་ནག་ཆུ་གྲོང་ཁྱེར་གྱི་སྦྲ་ཆེན་དང་སོག་རྫོང་སོགས་ལ་ཕེབས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་བརྟག་ཞིབ་གནང་བ་རེད།

ཆབ་མདོའི་བཀྲ་ཚང་ཀར་ཆུ་མཛོད་དང་ཆབ་མདོ་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཆེ་དགྲ་ལྷས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་ཚུལ་སོགས་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་མིག་སྔ་ནི་བོད་དུ་ལས་འགོ་བསྐྱར་འཛུགས་བྱེད་པར་ཕྱིར་ལོག་བྱེད་མང་ཤོས་ཀྱི་དུས་ཤིག་ཡིན་པས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱེད་པ་དང་ཆབས་ཅིག སྔོན་འགོག་ཚོད་འཛིན་གནད་སྨིན་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ཆབ་མདོའི་ཀོང་ཡུས་དམངས་ཕན་སྨན་ལས་ཀུང་སི་དང་ཆབ་མདོའི་ཁྲང་ཧོ་ཅུས་ཤིན་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཀུང་སིར་ཆེ་དགྲ་ལྷས་ཁེ་ལས་ལ་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་སླར་གསོ་བྱེད་པ་དང་། ཐོན་ནུས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚན་རྩལ་འགག་སྒྲོལ་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཆེན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བཀའ་མངགས་གནང་བ་རེད།

སྨར་ཁམས་རྫོང་བྱིས་གྲོངས་ཤང་དུ་ཆེ་དགྲ་ལྷས་ཤང་གི་ལས་བྱེད་པ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ། དམངས་འཚོའི་སྲིད་ཇུས་དོན་འཁྱོལ་བྱ་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ད་དུང་ཁོང་ཚོར་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱའང་བཏོན་གནང་བ་རེད། རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ཀྱི་དཔའ་རྟུལ་ཡིན་པའི་རྒྱ་ཆེའི་སྨན་དོན་མི་སྣར་ཆེ་དགྲ་ལྷས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ཅིང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དང་སྟེང་ཆེན་རྫོང་སྨན་རྩིས་ཁང་དུ་ཆེ་དགྲ་ལྷས་ནད་གཞི་བརྟག་དཔྱད་དང་སྨན་བཅོས་སོགས་ཀྱི་བྱ་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རིམས་ནད་ཐོན་ཚུན། རྒྱ་ཆེའི་སྨན་དོན་མི་སྣས་ཉེན་ཁར་མ་འཛེམས་པར་གདོང་མཆོང་གིས་ནད་བཅོས་སྲོག་སྐྱོབ་ཀྱི་སྨན་པའི་བྱམས་སེམས་མཚོན་པར་བྱས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགན་འཁྲི་ཕྲག་ཏུ་ཁུར་ཡོད། དེ་ནི་སློབ་སྦྱོང་བྱེད་འོས་པ་ཞིག་རེད་ལ་བརྩི་འཇོག་བྱེད་འོས་པ་ཞིག་ཀྱང་རེད། ངས་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ཏེ། སྨན་དོན་མི་སྣ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། སླད་ཕྱིན་ཁྱེད་ཚོས་ཡང་འབད་བསྐྱར་འབད་ཀྱིས་རང་ཉིད་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཆབས་ཅིག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྒྲུབ་རུ་ཁག་དང་སྟོབས་གསར་དམག་དཔུང་གི་ནུས་པ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།