གྲོང་ཁྱེར་སྲིད་གཞུང་གིས་འདི་ལོའི་རྒྱུན་ལས་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ།

ཁྲེན་ཅུན་གྱིས་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020-03-10 13:45:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ།ཚེས་8ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ཁྲེན་ཅུན་གྱིས་གྲོང་ཁྱེར་སྲིད་གཞུང་གི་2020ལོའི་ལོ་འཁོར་གྱི་རྒྱུན་ལས་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་བྱས་ནས་གོང་རིམ་གྱི་ཤིན་ཀོན་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཚོགས་འདུ་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཆབ་མདོའི་འཕེལ་རྒྱས་དང་བརྟན་ལྷིང་གི་འབྲེལ་ཡོད་གྲོས་གཞིར་ཞིབ་འཇུག་བྱས་པ། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཞིབ་འཇུག་བསྐྱར་མ་དང་། སླར་ཡང་ནན་ཏན། བསྐྱར་དུ་བཀོད་སྒྲིག་བཅས་བྱས་པ་རེད།

གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་ཝུའེ་ཏུང་དང་། དབྱང་དབྱི། མེ་ཧྥང་དབན། ལིའུ་ཝུན་ཏེ། སྒྲོལ་དཀར་། ཝུའེ་ཆང་། དབང་འདུས། དངོས་གྲུབ་ཟླ་བ། ཀའོ་ཞུའེ་ཝུན། ཧུའུ་ཏེང་ཧྥུ་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྐུ་ངོ་མས་བཀོད་འདོམས་གནང་བ། ཚོགས་འདུ་ཐེངས་མང་འཚོགས་པ་དང་། སྙན་ཞུ་གསན་པ། མཛུབ་སྟོན་གལ་ཆེན་གནང་བ་བཅས་རེད། མིག་སྔའི་རིམས་ནད་བྱུང་ཚུལ་སྔར་བཞིན་ཛ་དྲག་ཆེ་བ་དང་རྙོག་འཛིང་ཆེ་བ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས། དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་དང་། རིག་པ་དྭངས་གསལ་རྒྱུན་འཁྱོངས། ལས་ཀའི་ཤུགས་ཚད་རྒྱུན་འཛིན། ལྷོད་གཡེང་བསམ་བློ་དང་། དམག་རྒྱག་འདོད་མེད་པ། སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་བློ་བཅས་ལ་དོགས་ཟོན་ཚད་མཐོན་པོ་བྱས་ཏེ་ཡང་འབད་བསྐྱར་འབད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།

ཚོགས་འདུའི་ཐོག་མིག་སྔར་ནི་ཕྱིར་ལོག་ལས་མི་དང་དེ་བཞིན་སློབ་གྲྭར་ཕྱིར་ལོག་བྱེད་མཁན་མང་ཤོས་ཀྱི་དུས་ཡིན་པས་མི་ཚོགས་མང་དུ་འགྲོ་བ་དང་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློའི་ཐོག་ལྷོད་གཡེང་གཏན་ནས་གཏོང་མི་རུང་བར་ཡུན་རིང་གི་གྲ་སྒྲིག་ཡག་པོ་བྱས་ནས་རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་ནང་འདྲེན་རང་བཞིན་གྱི་མངོན་མེད་རྐྱེན་ངན་ཐོན་རྒྱུ་ནན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། རྒྱལ་ལམ་རིམ་པ་དང་པོའི་ཞིབ་བཤེར་ས་ཚུགས་དང་སྤང་མདའ་གནམ་ཐང་གི་འགོག་སྲུང་འཛིང་རགས་གཉིས་ནན་འགོག་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཉུང་དུ་མི་གཏོང་བ་དང་། བྱེད་ཤུགས་ཆུང་དུ་མི་གཏོང་བ། གྲ་སྒྲིག་ཨང་གསར་བཅས་བྱས་ཏེ་ཆབ་མདོའི་སྒོ་མོ་ཡག་པོ་སྲུང་དགོས་ཞེས་གསུངས་པ་རེད།