ཆེ་དགྲ་ལྷས་ཆབ་མདོར་གཡུ་ལུང་ཟངས་གཏེར་གྱི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་དང་རྣམ་གྲངས་ལ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2020-03-13 15:50:00】

འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཆབ་མདོའི་གཡུ་ལུང་ཟངས་གཏེར་གྱི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་འཛུགས་སྐྲུན་གྱི་ལས་ཡུལ་དུ་ཕེབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ་རེད།

རྒྱལ་ཁབ་བཟོ་འཕྲིན་པུའུ་མདོག་ལྡན་ལས་རིགས་ཀྱིས་འཆར་འགོད་བྱས་པའི་གཙོ་གནད་རྣམ་གྲངས་ཡིན་པའི་ངོས་ནས་གཡུ་ལུང་ཟངས་གཏེར་གྱི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ནི་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་གཏེར་ལས་རྣམ་གྲངས་དང་། བོད་ཤར་རྒྱུད་ཀྱི་མདོག་ལྡན་ལྕགས་རིགས་རྟེན་གཞི་འཛུགས་སྐྲུན་མྱུར་པོ་བྱེད་པའི་ལས་གྲྭ་གལ་ཆེན་ཞིག་རེད། བརྟག་ཞིབ་གནང་རིང་། ཆེ་དགྲ་ལྷ་དང་བཅས་པས་རྣམ་གྲངས་ཀྱི་འགན་འཁུར་བས་གནས་ཚུལ་ངོ་སྤྲོད་བྱས་པ་ནན་ཏན་ངང་གསན་པ་དང་། སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཐོན་སྤྲོད་ཚོང་གསུམ་གྱི་མཁོ་སྤྲོད་འཁོར་འབྲེལ་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ། གཏེར་ཁ་འདོན་ས་དང་ལས་གྲྭའི་ལས་མཚམས་ཁག་གི་ལས་ཡུལ་དུ་ཕེབས་པ། ས་གནས་ས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལྟ་ཞིབ་གནང་བ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཐོན་སྐྱེད་འཛུགས་སྐྲུན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་འཛུགས་སྐྲུན་ཚན་པའི་མི་སྣ་དང་བྱམས་བརྩེའི་གླེང་མོལ་དང་འཚམས་འདྲི་གནང་ཞིང་།

ཁོང་ཚོར་ལས་དོན་ཧུར་ཐག་སྒྲུབ་པ་དང་ཆབས་ཅིག་གཟུགས་པོར་བདག་གཅེས་ཡག་པོ་བྱེད་དགོས་པའི་མངགས་བཅོལ་ཡང་གནང་བ་རེད།ཆེ་དགྲ་ལྷས་མིག་སྔ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སུ་སླེབས་པས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་གཏན་ནས་གཏོང་རྒྱུ་མེད། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་རྒྱུན་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གཉིས་ཀར་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མིག་སྔའི་རྣམ་པ་བཟང་པོ་སྲུང་སྐྱོང་བརྟན་པོ་བྱེད་པ་དང་། གཙོ་གནད་ལས་གྲྭ་དང་རྣམ་གྲངས་འཛུགས་སྐྲུན་དང་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་དང་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུ་དེ་ཉིད་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཆ་རྐྱེན་ཨང་དང་པོར་མཐའ་གཅིག་ཏུ་བརྩི་བ། ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་ལེགས་པ་དང་ལས་ཕྱོད་ཆེ་བའི་སྒོ་ནས་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཏེ། ས་གནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

ཆེ་དགྲ་ལྷས་རིམས་ནད་སྔོན་འགོག་ཚོད་འཛིན་དེ་ཉིད་མིག་སྔའི་ལས་དོན་གལ་ཆེ་ཤོས་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བརྒྱུད་རིམ་བཟོ་བ། དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་བ། གཙོ་གནད་ཐོག་འབྱུང་ཁུངས་དོ་དམ་ཚོད་འཛིན་ཡག་པོ་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བདེ་འཇགས་ཀྱི་འགག་སྒོ་དང་། ཁོར་ཡུག་སྲུང་སྐྱོང་གི་འགག་སྒོ སྤུས་ཚད་ཀྱི་འགག་སྒོ་བཅས་ནན་པོ་སྲུང་བའི་སྔོན་འགྲོའི་འོག་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་འགན་ལེན་དང་ལས་གྲྭ་དང་རྣམ་གྲངས་འཛུགས་སྐྲུན་མྱུར་པོ་བྱས་ནས། འཛུགས་སྐྲུན་གྱི་ལས་འགན་ཁག་དེ་བས་ལེགས་པའི་ངང་ལེགས་གྲུབ་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།