གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020-03-13 13:35:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས་12ཉིན་ཆབ་མདོ་གྲོང་ཨུད་ཀྱི་གྲོང་གསེབ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་འཚོགས་པ་རེད། གྲོས་ཚོགས་ཀྱིས་2019ལོའི་གྲོང་གསེབ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་འདི་ལོའི་ལས་དོན་ཁག་ལ་བཀོད་སྒྲིག་བཅས་བྱས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཁྲེན་ཅུན་གྱིས་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།

ཨ་པུས་ཉེ་བའི་ལོ་ཤས་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་“ཞིང་གསུམ་”ལས་དོན་ལེགས་སྒྲུབ་བྱེད་པར་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཞིང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་འགྲུབ་དགོས་ན་ངེས་པར་དུ་བསྒྲུབ་དགོས་པའི་ལས་འགན་འགྱུར་མེད་ལ་དམིགས་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་གནས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ།

གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོགས་གསབ་པ། ཞིང་པ་དུང་ཕྱུར་མང་པོའི་ཧུར་སེམས་དང་གསར་སྐྲུན་བྱེད་སེམས་སྲུང་སྐྱོང་དང་སྐུལ་སློང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་ཏན་ཏིག་གཏོང་བ་སོགས་ཀྱི་ལས་ཀར་བླང་བྱ་ཁ་གསལ་བཏོན་ཡོད། ལྷག་པར་དུ་ད་ལོའི་ཟླ་3ཚེས་6ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཞིང་། གསུང་བཤད་གལ་ཆེན་ནང་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། ཏང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་འོས་འགན་ལེགས་གྲུབ་བྱེད་པར་བླང་བྱ་ཁ་གསལ་བཏོན་གནང་ཡོད་པས་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་ཡིས་དབུལ་སྒྲོལ་དང་“ཞིང་གསུམ་”ཁྱབ་ཁོངས་ཀྱི་ཞན་ཆ་གང་མགྱོགས་གསབ་པ་དང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྲ་བརྟན་དུ་བཏང་བ་དེའི་ཐོག་ནས་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཡིས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱིས་“ཞིང་གསུམ་”ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ཞན་ཆ་མཐའ་གཅིག་ཏུ་གསབ་རྒྱུ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་མཚོན་ཡོད། ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཡི་སེམས་ནང་དམངས་ཡོད་པ་དང་། བློ་གཅིག་སེམས་གཅིག་གིས་དམངས་ལ་བདེ་སྐྱིད་སྐྲུན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་བླ་ན་མེད་པའི་གཤིས་རྒྱུད་དང་བརྩེ་སེམས་མཚོན་པར་བྱས་ཡོད་པས་ང་ཚོས“ཞིང་གསུམ”དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་པའི་སྟོན་ཕྱོགས་གལ་ཆེན་དང་རྩ་བའི་བླང་བྱ་ཞིག་རེད་ཞེས་བསྟན།

ཨ་པུས་གཅིག་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁ་ཕུ་ཐག་གཅོད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཞན་ཆ་གསབ་དགོས། གཉིས་ནས་འཐབ་ཇུས་ཀྱི་ངེས་ཤུགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་མཐོ་རུ་གཏོང་དགོས། གསུམ་ནས་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཕྱོགས་ཡོངས་ཀྱི་རྒྱལ་ཁ་ལེན་དགོས་ཞེས་ནན་གསུང་གནང་ཡོད།

འདི་ལོའི“ཞིང་གསུམ”དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཁྲེན་ཅུན་གྱིས། གཅིག་ནས་གྲུབ་འབྲས་ཁས་ལེན་དང་དུས་བབ་གསལ་རྟོགས་བྱས་ཏེ“ཞིང་གསུམ”དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས། གཉིས་ནས“ཞིང་གསུམ”ལས་དོན་ལ་དམིགས་ནས་ཞན་ཆ་གསབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ནུས་ཤུགས་གཅིག་སྒྲིལ་གྱིས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་རྩ་བར་བཟུང་ནས་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ཏེ་ཞིང་འབྲོག་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་མགྱོགས་སུ་གཏོང་དགོས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས། རྩ་འཛུགས་སྟོབས་ཆེར་གཏོང་བ་དང་གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་ནས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས། གནད་སྨིན་ཇུས་འདོན་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བ།གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་དགོས་པ་དང་།ཟུར་བསྟན་ལེབ་མཐོང་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་རྒྱུན་མཐུད་ངང་དག་ཐེར་ཡོ་བསྲང་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུ་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུ་དང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2019ལོའི་གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་དཔྱད་ཞིབ་དང་དཔྱད་དཔོག་བྱས་ཚུལ་བརྡ་ཁྱབ་བཏང་བ། 2019ལོའི་ལོ་འཁོར་གྱི་ཞིང་འབྲོག་པའི་འབབ་འཕར་དང་། ནས་ཀྱི་ཐོན་ལས། ཤ་དང་དཀར་ཆུའི་ཐོན་ལས་སྔོན་ཐོན་རྫོང(ཆུས)དེ་བཞིན་2019ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད།

ཚོགས་འདུའི་ཐོག་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཆབ་མདོར་ཚོགས་ར་གཙོ་བོ་བཙུགས་པ་དང་རྫོང(ཆུས)དང་ཤང་དང་གྲོང་རྡལ་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད།