ཝང་ཝུའེ་ཏུང་གིས་ཆབ་མདོའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2020-03-20 09:50:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་དང་བཅས་པ་ཆབ་མདོའི་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བར་ཕེབས་པ་དང་། སྔ་རྗེས་སུ་གྲོང་ཁྱེར་རྒྱལ་ཁབ་ས་ཆ་བཀོད་འདོམས་པུའུ་དང་། བྲག་གཡབ། སྨར་ཁམས། མཛོ་སྒང་། དཔའ་ཤོད་སོགས་རྫོང་དུ་ཞིབ་བཤེར་མཛུབ་ཁྲིད་གནང་བ་དང་། ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣ། གཞི་རིམ་གྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་བཅས་ལ་གཟིགས་པ་རེད།

ཝང་ཝུའེ་ཏུང་གིས་རིམ་ཁག་ཏང་ཨུད་ཀྱིས་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཁྲོམ་རའི་གཉེར་སྐྱོང་བྱེད་པོས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་མཛུབ་ཁྲིད་དང་རོགས་རམ་བྱེད་དགོས།རིམ་ཁག་འགན་ནུས་སྡེ་ཚན་དང་ལས་དོན་མི་སྣས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་དོན་འཁྱོལ་བྱས་ཏེ། རིམས་ནད“ཕྱི་ནས་མ་འགོས་པ་བྱེད་པའི”ལས་དོན་ལ་མཐའ་གཅིག་ཏུ་དམ་འཛིན་བྱེད་དགོས། “རྙོག་དྲ་དང་དཀའ་ངལ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྐྲུན་པའི”བླང་བྱ་ལག་ལེན་བསྟར་བ་དང་། མི་སྣ་བདེ་ཐང་གི་ཆ་འཕྲིན་ཞིབ་བསྡུར་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་བོད་དུ་ཡོང་མཁན་དང་བོད་དུ་ལོག་མཁན་མི་སྣ་རིམས་ནད་ཞིབ་བཤེར་འགག་སྒོར་ཐོ་འགོད་སྟབས་བདེ་དང་། ལྟ་ཞིབ་མྱུར་པོ། དུས་ཐོག་ཤར་བགྲོད་བཅས་ཐུབ་པའི་འགན་ལེན་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་ནན་དུ་གཏོང་བ། སྒྲིག་ཁྲིམས་དམ་དུ་གཏོང་བ་བཅས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།