བོད་ལྗོངས་ཀྱི་ལས་ཤོར་འགན་བཅོལ་དངུལ་དྲ་ཐོག་ནས་ལེན་ཆོག་གི་འདུག

གསར་འགྱུར་སྤེལ་དུས།  【2020-03-20 10:30:00】

ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། རང་ལྗོངས་ཀྱི་མི་སྤྱི་ཁོངས་གཏོགས་ཀྱིས་ལས་ཤོར་འགན་བཅོལ་དངུལ་དྲ་ཐོག་ནས་གཉེར་བའི་ལས་སྒོ་བཏོན་པས་ཐད་ཀར་དྲ་ཐོག་ནས་ལེན་ཆོག་གི་ཡོད།ལས་ཤོར་མི་སྣས“བོད་ལྗོངས་སྤྱི་པའི་ལས་ཞུགས་ཞབས་ཞུའི་དྲ་ཐོག་ཚོམས་ཆེན”བརྒྱུད། ཕྱིར་སྐྱོད་མི་དགོས་པར་འགན་བཅོལ་དངུལ་ལེན་ཆོག་པས། “རེ་ཞུ་བྱས་ན་ལེན་ཐུབ་པ་དང་། བདེ་འཇགས་ཀྱི་སྒོ་ནས་གཉེར་ཐུབ་པ”བྱུང་ཡོད་ལ། ལས་ཤོར་འགན་བཅོལ་གྱི་ཐོབ་ཆ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་ཐུབ་པས། རིམས་ནད་སྔོན་འགོག་ཚོད་འཛིན་རིང་ལས་ཤོར་མི་སྣའི་གཞི་རྩའི་འཚོ་བར་འགན་ལེན་བྱུང་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱི་ལས་ཤོར་འགན་བཅོལ་དངུལ་གྱི་ཚད་གཞི་དེ་མ་མཐའི་གླ་ཆའི་ཚད་གཞིའི་90%བར་སྤར་བ་དང་། ལས་ཤོར་མི་སྣས་འགན་བཅོལ་དངུལ་ལེན་པའི་དུས་བཀག་རང་གནས་སའི་ཚན་པ་དང་མི་སྒེར་གྱིས་འཇལ་བའི་ཁྱོན་བསྡོམས་ཀྱི་དུས་ཡུན་གཞིར་བཟུང་གཏན་འཁེལ་བྱས་ཡོད།

ཆ་རྐྱེན་ཚང་བའི་ལས་ཤོར་མི་སྣས“བོད་ལྗོངས་སྤྱི་པའི་ལས་ཞུགས་ཞབས་ཞུའི་དྲ་ཐོག་ཚོམས་ཆེན”བརྒྱུད། འགན་བཅོལ་དངུལ་དྲ་ཐོག་ནས་ལེན་ཆོག ལས་ཤོར་མི་སྣས་འགན་བཅོལ་དངུལ་དྲ་ཐོག་ནས་མ་བླངས་གོང་སྔོན་ལ《ལས་ཞུགས་ལས་གཏོད་ལག་ཁྱེར》གཉེར་དགོས་པ་དང་འབྲེལ། དངུལ་ཁང་གཱ(དྲ་ཐོག་ཏུ་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་ཆོག་ན་ཐད་ཀར་སྤྱི་ཚོགས་འགན་སྲུང་གཱ་ཁྱེར་ནས་ལས་ཤོར་དངུལ་ལེན་ཆོག)གཅིག་བཟོ་དགོས།ལས་ཤོར་མི་སྣས་དྲ་ཐོག་ཏུ་རེ་ཞུའི་ཆ་འཕྲིན་བཀོད་རྗེས། ལས་ཀའི་ཉིན་གྲངས་10ཡི་ནང་ཚུན་དུ་ལས་ཤོར་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་ཞིབ་དཔྱད་ཟིན་གྱི་ཡོད་པ་དང་། གལ་ཏེ་ཆ་རྐྱེན་དང་མ་མཐུན་ཚེ་ཁ་པར་བརྒྱབ་ནས་འདྲི་རྩད་བྱེད་ཀྱི་ཡོད།ལས་ཤོར་འགན་བཅོལ་དངུལ་དེ་ལས་ཤོར་མི་སྣས་དྲ་ཐོག་ནས་དངུལ་ལེན་པའི་རེ་ཞུ་ཐོ་འགོད་བྱས་རྗེས་ཀྱི་ཉིན་ནས་བཟུང་སྤྲོད་ཀྱི་ཡོད་པ་དང་ཐད་ཀར་ལས་ཤོར་མི་སྣས་མཁོ་འདོན་བྱས་པའི་དངུལ་ཁང་གཱ་ལ་བླུག་པ་ལས། ལས་ཤོར་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་སུ་སྐྱོད་དགོས་མེད། ལས་ཤོར་འགན་བཅོལ་དངུལ་དྲ་ཐོག་ནས་ལེན་སྐབས་དཀའ་ངལ་འཕྲད་ཚེ་0891-6323689ལ་ཁ་པར་བརྒྱབ་ནས་བློ་འདྲི་བྱེད་ཆོག