ཆབ་མདོའི་རི་བོ་ཆེའི་ཁྲ་མོ་གླིང་ཤྭ་བ་སེར་ཆེན་སྲུང་སྐྱོང་ཁུལ།

གསར་འགྱུར་སྤེལ་དུས།  【2020-03-20 10:30:00】

  བོད་ལྗོངས་ཆབ་མདོའི་རི་བོ་ཆེ་རྫོང་དང་རྫ་ཆུའི་སྟོད་རྒྱུད་ཀྱི་ཁྲ་མོ་གླིང་གཙང་འགྲམ་དུ་རྟ་དང་ཤྭ་བ་འདྲ་བའི་དམིགས་བསལ་གྱི་སྐྱེ་དངོས་རིགས་ཤིག་འཚོ་བཞིན་ཡོད་ལ། བོད་མིང་དུ་“ཤྭ་བ”ཞེས་པའི་སྲོག་ཆགས་འདི་ཚན་རིག་པས་ཐོག་མར་ཤེས་རྟོགས་བྱུང་ནས། ལོ་150ལྷག་ཙམ་གྱི་གོང་དུ་《སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས་》ནང་བཅུག་པ་རེད།

   འདི་ནི་བོད་ལྗོངས་ཀྱི་ཤྭ་བའི་རང་བྱུང་འདུལ་གསོ་བྱ་ཡུལ་འབའ་ཞིག་ཡིན་པ་དང་། རི་བོ་ཆེ་རྫོང་མཁར་ནས་བར་ཐག་སྤྱི་ལེ་52ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3960ཡོད་པ་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2005ལོའི་ཟླ་12པར་ཆོག་མཆན་ཐོབ་པའི་ཤྭ་བ་སེར་ཆེན་སྲུང་སྐྱོང་གཙོར་བྱས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་ཤྭ་བ་སེར་ཆེན་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཤོས་ཀྱང་ཡིན།

    ས་འདིའི་ཤྭ་བའི་སྐོར་གླེང་སྐབས་མི་རྣམས་ཀྱིས་རང་ཤུགས་སུ་དེ་ཚོའི་རྨོ་ལགས་བྱང་ཆུབ་ལྷ་མོ་ཞེས་པ་དེ་གླེང་ངེས་ཡིན། ཁོང་མོས་ལོ་16ནས་བཟུང་ཤྭ་བ་སེར་ཆེན་སྲུང་སྐྱོང་བྱས་ནས་ད་ལྟའི་བར་ལོ་45འགོར་ཡོད།

ཤྭ་བ་སེར་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་གནས་ནི་མོའི་ཁྱིམ་གྱི་འབྲོག་ར་ལྟེ་བ་བྱས་ནས་འཆར་འགོད་བྱས་ཏེ་བསྐྲུན་པ་ཞིག་ཡིན་ཞིང་། མོས་སྲུང་སྐྱོང་ཁུལ་དུ་ཤྭ་བ་སེར་ཆེན་གྱི་གྲངས་འབོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པའི་དཔང་པོ་བྱས་ཡོད། 2014ལོར་ཤྭ་བའི་ཁྱུ་ཚོགས་ཁྲོད་ནས་གསར་སྐྱེས་ཤྭ་བ་ལྔ་བཅུ་དྲུག་ཅུ་ལྷག་མང་དུ་ཕྱིན་པ་དང་། “ཚེ་སྲོག་ཚང་མ་འཇིག་རྟེན་འདིར་འཚོ་གནས་བྱེད་པའི་དོན་སྙིང་ལྡན་པ་འདི་ལྟར་ལགས་ཏེ། སྲོག་ཆགས་ཀྱང་དེ་ལས་མ་འདས”ཞེས་བྱང་ཆུབ་ལྷ་མོས་དེ་ལྟར་བཤད།

དེ་ནི་1975ལོར་ཐོག་མར་བཙུགས་པ་ཞིག་ཡིན་པ་དང་རྗེས་སུ་ལོ་ལྟར་གཞི་ཁྱོན་ཆེ་རུ་བཏང་ནས་ད་ཆ་ཤྭ་བ་གསོ་ཚགས་ར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་3.6ཟིན་པ་དང་། ཁྱོན་བསྡོམས་ཤྭ་བ་200ཙམ་གསོ་སྐྱོང་བྱས་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤྭ་བ་མཆུ་དཀར་ཡང་གསོས་ཡོད་པ་རེད།

དེ་སྔ་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་དེ་རིགས་ལོ་50ལྷག་ཙམ་རིང་སྲུང་སྐྱོང་ནུས་ལྡན་བྱས་པ་བརྒྱུད། ད་ཆ་རིགས་ཁྱུ་དར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་ཅིང་། བསྡོམས་རྩིས་བྱས་པ་ལྟར་ན། རི་བོ་ཆེ་རྫོང་ཁོངས་ཁོ་ནར་ཤྭ་བ་མགོ་གྲངས་8000ལྷག་ཙམ་ཟིན་ཡོད།

ཤྭ་བ་གསོ་ཚགས་ར་བ་དེ་ཡངས་ཤིང་རྒྱ་ཆེ་བའི་རི་མཐོའི་རྩྭ་ཐང་ཐོག་བསྐྲུན་པ་དང་། རྩྭ་རའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་8ཡོད། འདི་གའི་རི་བོ་མཐོ་ཞིང་བརྗིད་པ་དང་། རྩྭ་ཆུ་འཛོམས་པ། སྔོ་ཁེབས་ཕུན་སུམ་ཚོགས་པ་བཅས་ཡོད་པས་ཤྭ་བའི་རིགས་ཀྱི་སྲོག་ཆགས་སྐྱེ་འཕེལ་འཚོ་གནས་བྱ་རྒྱུར་ཧ་ཅང་འཚམ་པོ་ཡོད། དེར་བརྟེན་ཤྭ་བ་སེར་ཆེན་དང་། དགོ་བ། གླ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་སོས་དལ་བག་ཕེབས་ངང་འཚོ་བཞིན་རྩེད་འཇོར་རོལ་ནས་རི་ལུང་ཡོངས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་གྱིན་ཡོད།

                                                          (པར་དང་ཡི་གེ་ཚང་མ་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་དྲངས)