དུས་རབས་ཕྱེད་ཀའི་རིང་གི་མཆོང་སྐྱོད་རྒྱུན་འཛིན།

——མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོའི་གྲོང་མིའི་དྲིན་ཚོར་གྱི་བསམ་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020-03-27 17:25:00】

“སྐར་ལྔའི་དར་དམར་དེ་ནི་1962ལོར་བདེ་དགེ་དབང་གྲགས་དང་། འཇམ་དབྱངས་སྐལ་བཟང་། འཕྲིན་ལས་བསྟན་པ་སོགས་ཀུན་སྤྱོད་བཟང་ཞིང་མཚན་སྙན་ཆེ་བའི་རྒན་རྒོན་དགུ་ཡིས་དུས་ཡུན་ཟླ་གཉིས་ནང་འཚེམ་བུ་རེ་རེ་བརྒྱབ་སྟེ་བཙེམས་པ་ཞིག་ཡིན་པས་ཧ་ཅང་རྩ་ཆེན་ཞིག་རེད། སྐར་ལྔའི་དར་དམར་དེས་གླད་དག་གྲོང་ཚོའི་མང་ཚོགས་ཀྱི་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་བསམ་པ་མཚོན་པ་མ་ཟད། ད་དུང་ང་ཚོའི་གྲོང་ཚོའི་ཧུར་བརྩོན་ཡར་སྐྱེད་དང་འབད་འབུངས་སྟོབས་བརྩོན་གྱི་ལོ་རྒྱུས་ཀྱི་རྗེས་ཤུལ་ཡང་མངོན་ཐུབ”ཅེས་པ་དེ་ནི་གསར་འགོད་པ་མཛོ་སྒང་རྫོང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་གླད་དག་གྲོང་ཚོའི་བཤམས་སྟོན་ཁང་ནང་སྐྱོད་སྐབས་གྲོང་ཚོའི་གསལ་འགྲེལ་པས་བཤད་པ་ཞིག་ཡིན་ལ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་བློ་བཟང་གི་གསལ་བཤད་ཚིག་ཅིག་ཀྱང་རེད། ང་ཚོས་མཐོང་བ་ནི་གྱང་ཐོག་ཏུ་མཛེས་རྒྱན་སྤྲས་ཏེ་སྦྱར་བའི་སྐར་ལྔའི་དར་དམར་དེ་རེད།

གསེར་མདོག་གི་སྒྲོམ་གཞི་དང་དམར་མདོག་གི་ངོས་ཐོག་སྐར་མ་ལྔས་རྒྱན་པ་མ་ཟད། ད་དུང་མའོ་ཀྲུའུ་ཞིའི་དཔུང་རྟགས་3ཡང་བཙེམས་ཡོད་པ་རེད། ཞིབ་པར་བལྟས་ཚེ་ད་དུང་སྐར་མ་ལྔའི་ཟུར་ཚང་མའི་ཆེ་ཆུང་འདྲ་གི་མེད་པ་རེད།

“སྐབས་དེ་དུས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཡུན་རིང་སོང་མེད་པས་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། རྒན་རྒོན་ཚོས་སྐབས་དེ་དུས་སྐར་ལྔའི་དར་དམར་འཚེམ་སྐབས་རས་དམར་པོ་དང་སེར་པོ་མེད་པའི་ཁར་ཇེམ་ཙེ་དང་ཁབ་སྐུད་ཀྱང་གཅིག་རང་ལས་མེད་པས་རེས་མོས་ཀྱིས་བཙེམས་པ་ཞིག་རེད། དེ་ལྟར་དུས་ཡུན་ཟླ་བ་གཉིས་ཙམ་ནང་སྐར་ལྔའི་དར་དམར་དེ་བཙེམས་ཚར་བ་རེད”ཅེས་ཉི་མ་བློ་བཟང་གིས་བཤད། སྐབས་དེ་དུས་ཆ་རྐྱེན་སྐྱོ་རུང་གླད་དག་གྲོང་ཚོའི་གྲོང་མི་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཡར་རྒྱས་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད། བོད་ལ་ཞི་བའི་བཅིངས་འགྲོལ་བཏང་རྗེས་འཕེལ་རྒྱས་མགྱོགས་ཤོས་ཀྱི་སྔོན་ཐོན་གྲོང་ཚོ་ཞིག་ཡིན་པའི་ངོས་ནས་གླད་དག་གྲོང་ཚོས་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་མཚོན་ཚུལ་མངོན་གསལ་དོད་པོ་ཡོད་པ་མ་ཟད། ད་དུང་སྐབས་དེ་དུས་གླད་དག་ཤང་མི་དམངས་ཀུང་ཧྲེར“སྐར་ལྔའི་དར་དམར་གྱི་ཐོན་སྐྱེད་རུ་ཁག”གི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད་པ་རེད།

2008ལོར་གླད་དག་གྲོང་ཚོས་བཤམས་སྟོན་ཁང་འཛུགས་རྒྱུའི་གྲ་སྒྲིག་བྱས་པ་དང་གྲོང་མི་ཚོས་རང་འགུལ་ངང་རང་ཁྱིམ་གྱི་དེ་སྔའི་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆས་ཞལ་འདེབས་ཕུལ་བ་དཔེར་ན། འབྲེང་ཐག་དང་། རྟ་སྒ། སྦག་ཁུག་སོགས་དང་དེ་བཞིན་ཐོན་སྐྱེད་ཡོ་ཆས་ཡོད་པ་མ་ཟད། ད་དུང་དུས་སྐབས་ཁག་གི་ས་ཞིང་བེད་སྤྱོད་ལག་ཁྱེར་ཡང་ཡོད་པ་རེད།

“2012ལོར་བཤམས་སྟོན་ཁང་དེ་བསྐྲུན་ཟིན་པ་དང་དེའི་ནང་འགྲེམས་དངོས་རིགས་200ལྷག་ཙམ་གྱི་ཁག་500ལྷག་ཙམ་ཡོད་པ་དང་2015ལོར་བཤམས་སྟོན་ཁང་དེ་མཛོ་སྒང་རྫོང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་འགྱུར་ཡོད”ཅེས་བློ་བཟང་དབང་འདུས་ཀྱིས་བཤད།

“དེའི་ནང་གི་འགྲེམས་དངོས་རྩ་ཆེ་ཤོས་ནི་འཚེམ་དྲུབ་བརྒྱབ་པའི་སྐར་ལྔའི་དར་དམར་དེ་རེད། དེས་ང་ཚོ་གླད་དག་གྲོང་ཚོའི་གྲོང་མི་ཚོས་ད་ཆའི་འགྱུར་ལྡོག་ཆེན་པོ་དེ་ལྟ་བུ་བྱུང་བ་ནི་ཏང་གི་བཀའ་དྲིན་ཡིན་པས་ཏང་གི་བཀའ་དྲིན་སེམས་ལ་བཅངས་དགོས་པ་གཏིང་ཟབ་ཚོར་ཐུབ་པས་རེད”ཅེས་བཤད།

བློ་བཟང་དབང་འདུས་ཀྱིས་ས་ཞིང་བེད་སྤྱོད་ལག་ཁྱེར་ལ་མཛུབ་མོ་བཙུགས་བཞིན་དུ“གུང་ཁྲན་ཏང་སླེབས་པ་ལས་ང་ཚོའི་གླད་དག་གྲོང་ཚོའི་གྲོང་མི་ཚོར་རང་ཉིད་ཀྱི་ས་ཞིང་ཡོད་པ་རེད། དེ་སྔ་ལམ་ཤར་གཏོང་མི་ཐུབ་པ་མ་ཟད། གློག་དེ་བས་མེད་པས་ཏང་གིས་ལམ་བཟོས་པ་དང་སྦྲགས་གློག་དྲའང་འཁྲིད་པ་རེད། ད་ཆ་ང་ཚོས་སྤྱོད་པའི་འགྱིག་ཤོག་དྲོད་ཁང་ཆེ་མོའང་2014ལོའི་ཟླ་5པར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་91བཏང་ནས་བརྒྱབ་པ་ཞིག་ཡིན་པས་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་ཡོད”ཅེས་བཤད།

དེ་རྗེས་བློ་བཟང་དབང་འདུས་ཀྱིས་གསར་འགོད་པར་གླད་དག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྐོར་བརྗོད་པ་སྟེ། གྲོང་ཚོའི་ནང་འགྱིག་ཤོག་དྲོད་ཁང་ཆེ་མོ་30ལྷག་ཙམ་ཡོད་པ་དང་འགྱིག་ཤོག་དྲོད་ཁང་ཆེ་མོ་རེ་དུད་ཚང་བཞིས་བདག་པོ་རྒྱག་གི་ཡོད་པས་དུད་ཚང་རེར་ཟླ་རེར་ཡོང་འབབ་སྒོར་700ཙམ་ཡོད་པ་རེད། གྲོང་ཚོའི་ནང་ཁྱོན་དུད་ཚང་117ཡོད་པའི་ཁྲོད་112ཀྱིས་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད་པས་ལོར་དུད་ཚང་རེར་ཡོང་འབབ་སྒོར་4500ཙམ་ཡོང་གི་ཡོད། གྲོང་ཚོའི་ནང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཨར་ལས་རུ་ཁག་ཡོད་པས་2017ལོར་དུད་ཚང་རེར་སྒོར་ཁྲི་རེ་བགོ་བཤའ་རྒྱག་རྒྱུ་བྱུང་ཡོད། གྲོང་ཚོའི་རླངས་འཁོར་འཁྲུད་ས་དང་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་ལྟེ་གནས་ནས་མི་རེར་ཡོང་འབབ་སྒོར་ཁྲི་1.2ཡོང་གི་ཡོད་ཅེས་བཤད། བློ་བཟང་དབང་འདུས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས“ད་ཆ་ཚང་མའི་འཚོ་བ་ལེགས་སུ་ཕྱིན་པ་དེ་ཇི་ལྟར་བྱུང་བ་ཞིག་ཡིན་པ། ན་གཞོན་ཚོས་ཤེས་དགོས་ངེས་རེད། བཤམས་སྟོན་ཁང་འཛུགས་པའི་དོན་སྙིང་ཡང་དེ་ནས་ཤེས་ཐུབ”ཅེས་བཤད།

འདི་ལོའི་རྒྱལ་སྟོན་སུ་ཐུབ་བསྟན་འཇམ་དབྱངས་སོགས་ཕོ་གཞོན་ཁ་ཤས་ཀྱིས་དུས་ཡུན་ཉིན་གཅིག་ནང་སྐར་ལྔའི་དར་དམར་ཞིག་བཙེམས་པ་རེད།

“དེ་སྔ་གྲོང་ཚོའི་ནང་གི་རྒན་རྒོན་ཚོས་སྐར་ལྔའི་དར་དམར་ཞིག་བཙེམས་ཡོད་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྐབས་སུ་ང་ཚོས་སླར་ཡང་སྐར་ལྔའི་དར་དམར་ཞིག་བཙེམས་ཡོད་པ་དེ་ནི་ཕྱོགས་གཅིག་ནས་མེས་རྒྱལ་གྱི་འཁྲུངས་སྐར་ལ་དྲན་གསོ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཏང་གི་བཀའ་དྲིན་ཚོར་བར་བྱེད་པའི་སྙིང་སྟོབས་རྒྱུན་འཛིན་བྱ་ཆེད་ཡིན”ཞེས་ཐུབ་བསྟན་འཇམ་དབྱངས་ཀྱིས་བཤད།

ད་ཆ་སྐར་ལྔའི་དར་དམར་གསར་པ་དེའང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་ནང་བཞག་ཡོད་པས་དེ་སྔ་རྒན་རྒོན་ཚོས་བཙེམས་པའི་སྐར་ལྔའི་དར་དམར་དང་ཕན་ཚུན་འོད་མདངས་འཕྲོ་རེས་བྱེད་པ་ལྟར་སྣང་།

བློ་བཟང་དབང་འདུས་ཀྱིས“སྐར་ལྔའི་དར་དམར་གཉིས་པོ་དེ་མཉམ་དུ་བཞག་པ་དེས་རྒན་རབས་ཚོར་བརྩི་འཇོག་དང་རྒན་རབས་ཚོའི་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མཚོན་པ་མ་ཟད། གླད་དག་གྲོང་ཚོའི་གྲོང་མི་ཚོའི་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་སེམས་པའང་མཚོན་ཡོད། གླད་དག་གྲོང་ཚོའི་སྐར་ལྔའི་དར་དམར་ལ་འཚེམ་དྲུབ་རྒྱག་པའི་སྲོལ་རྒྱུན་དེ་མུ་མཐུད་རྒྱུན་འཛིན་བྱས་ནས་ཕ་ཚ་བུ་རྒྱུད་ཚོར་རྒན་རབས་ཚོས་བསྐྱོད་མྱོང་བའི་ལམ་བུ་མ་བརྗེད་པར་ཏང་གི་བཀའ་དྲིན་ནམ་ཡང་ཚོར་ཐུབ་པའི་སློབ་གསོ་རྒྱག་རྒྱུ་ཡིན”ཞེས་བཤད་པ་རེད།