སྤ་ཟླའི་ཆན་ཧྥུའུ་35ཡི་གློག་གཏོང་གློག་སྒྱུར་ལས་གྲྭ་ནས་གློག་གཏོང་འགོ་ཚུགས་པ།

མི་2900ཡི་གློག་སྤྱོད་དཀའ་གནད་བསལ་བ།

གསར་འགྱུར་སྤེལ་དུས།  【2020-04-03 10:30:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཟླ་3ཚེས་28ཉིན་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྤ་ཟླའི་ཆན་ཧྥུའུ་35ཡི་གློག་གཏོང་གློག་སྒྱུར་ལས་གྲྭས་གློག་གཏོང་འགོ་ཚུགས་པ་དེས་བོད་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་གྱི་ལས་འགོ་བསྐྱར་འཛུགས་བྱས་རྗེས་གློག་གཏོང་གློག་སྒྱུར་ལས་གྲྭ་དང་པོ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད། དུས་དེ་ནས་བཟུང་སྤ་ཟླ་ཤང་དུ“རྒྱལ་ཁབ་གློག་དྲ”ནས་གློག་སྤྱོད་རྒྱུ་བྱུང་བ་དང་དུད་ཚང་490དང་མི་2900ཡི་གློག་སྤྱོད་དཀའ་བའི་གནད་དོན་བསལ་ཏེ་ས་གནས་དེ་གའི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྦད་དེ་འགྱུར་ལྡོག་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྤ་ཟླ་ཤང་དང་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གཉིས་ས་འབྲེལ་ཡིན་པ་དང་ཆབ་མདོ་གྲོང་ཁྱེར་གྱི་ཐག་རིང་ཤོས་ཀྱི་གྲོང་རྡལ་ཞིག་ཡིན། སྤ་ཟླའི་ཆན་ཧྥུའུ་35ཡི་གློག་གཏོང་གློག་སྒྱུར་ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་2932བཏང་བ་དང་དེའི་ལམ་རྒྱུད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4100ཟིན་གྱི་ཡོད། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལེན་ཧུར་ཐག་ཞུས་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་ཁག་གི་དཀའ་ངལ་ཁྱད་བསད་ཧུར་ཐག་བྱས་ནས་བོད་ལྗོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གྲྭར་ཕྱོགས་ཡོངས་ནས་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས“ལོ་ལྔ་ཚན་བཅུ་གསུམ་པའི”གསབ་སྣོན་རྣམ་གྲངས་ལག་བསྟར་ལེགས་གྲུབ་བྱས་རྗེས་ཆབ་མདོ་གྲོང་ཁྱེར་གྱི་གློག་སྤྱོད་མང་ཚོགས་97%ལ་ཁྱབ་རྒྱུ་ཡིན་པ་རེད།