དུས་ཚིགས་དང་པོའི་ནང་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱིར་ན་བརྟན་པོ་བྱུང་ཡོད་པ།

གསར་འགྱུར་སྤེལ་དུས།  【2020-04-24 16:00:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉེ་དུས། ཆབ་མདོ་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར 36ལྷག་ཙམ་ཟིན་ཏེ། དུས་མཚུངས་ལས་བརྒྱ་ཆ 8འཕར་ཡོད་པའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར 2.2ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ 3.8འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར 6.7 ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ 13.5འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར 27.64ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ 6.8འཕར་བ་བཅས་བྱུང་ནས་དཔལ་འབྱོར་འཁོར་རྒྱུག་སྤྱིར་ན་བརྟན་པོ་བྱུང་ཡོད།

ད་ལོའི་སྤྱི་ཟླ་དང་པོ་ནས་གསུམ་པའི་བར་ཆབ་མདོ་གྲོང་ཁྱེར་གྱི་ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར 3.1356 ཟིན་ཡོད་ཅིང་། སྔོ་ཚལ་ཐོན་འབབ་ཀྲོན365ལྷག་ཙམ་དང་ཤ་རིགས་ཐོན་འབབ་ཀྲོན1020 དཀར་ཆུའི་ཐོན་འབབ་ཀྲོན1794བཅས་ཟིན་ཡོད་པ་དང་དཔྱིད་རྨོད་རྒྱ་ཁྱོན་མུའུ་ཁྲི6.94 ཟིན་ཡོད།

ད་ལོའི་སྤྱི་ཟླ་དང་པོ་ནས་གསུམ་པའི་བར་ཆབ་མདོ་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.65ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ 7 འཕར་ཡོད། ད་ལོའི་སྤྱི་ཟླ་གསུམ་པའི་ཟླ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱིས་ཡན་ལག་རྣམ་གྲངས187ལས་ཀ་བསྐྱར་འཛུགས་དང་འཕྲོ་སྐྱོང་བྱས་ཡོད་ཅིང་། དུས་ཚིགས་དང་པོར་གྲོང་ཁྱེར་དེ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་དུས་མཚུངས་པ་ལས་བརྒྱ་ཆ 17 འཕར་ཡོད། སྤྱི་ཟླ་གསུམ་པའི་ཟླ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར 8.34དོན་འཁྱོལ་བྱས་ཡོད།