དཔེ་ཀློག་ལ་བསྐུལ་བར་ངར་ལྕགས་ཕུར་བ།

----------འཛམ་གླིང་དཔེ་ཀློག་ཉིན་མོ་བསུ།

གསར་འགྱུར་སྤེལ་དུས།  【2020-04-24 14:15:00】

       དཔེ་ཀློག་ཤེས་རྨོངས་སེལ་བའི་སྒྲོན་མེ་ཡིན། །

དཔེ་ཀློག་མུན་ནག་འཇོམས་པའི་དུང་ཟླ་ཡིན། །

དཔེ་ཀློག་ཤེས་རིག་བསུ་བའི་ཕོ་ཉ་ཡིན། །

དཔེ་ཀློག་དུག་གསུམ་གཅོད་པའི་རལ་གྲི་ཡིན། ཅེས་པའི་སྙན་ཚིག་གིས་བསུ་མ་བྱས་ཏེ་རང་གི་དཔེ་ཀློག་ལ་འཛིན་པའི་ལྟ་ཚུལ་ཐུང་ངུ་ཞིག་གླེང་བར་བྱའོ།

དཔེ་ཀློག་ནི་རང་ཉིད་ལ་མཚོན་ན་ཉིན་གཅིག་གི་འཚོ་བའི་ནང་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད། གོམས་གཤིས་འདི་འདྲ་ཞིག་ཆགས་དགོས་དོན་ནི། རང་ཉིད་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམ་པའི་དུས་ན་དགེ་རྒན་དམ་པའི་སྣེ་འཁྲིད་དང་རང་ཉིད་ཀྱི་དགའ་མོས་ལ་རག་ལས་ཡོད། སློབ་རིམ་མི་འདྲ་བའི་དགེ་རྒན་ཚོས་བདག་ལ་དཔེ་ཀློག་གི་གོ་སྐབས་མང་པོ་སྦྱིན་ལ་རང་ཉིད་ཀྱིས་ཀྱང་དེེར་འབད་འབུངས་མཐའ་གཅིག་ཏུ་བྱས་པ་ཡིན། ད་ལྟ་རང་ཉིད་དགེ་རྒན་ཞིག་ཡིན་པའི་ངོས་ནས་དཔེ་ཀློག་ནི་དགོས་མཁོ་ཧ་ཅང་གལ་ཆེ་བར་འདུག་སྙམ་པས། སློབ་ཞོར་གྱི་དུས་ཁོམ་དག་ཆུད་ཟོས་སུ་མ་བཏང་བར་གང་ཐུབ་ཅི་ཐུབ་ཀྱིས་དཔེ་ཀློག་གི་རྒྱུན་སྐྱོང་ལ་གཞོལ་བ་ཡིན། ཁ་ཤས་བཤད་ན་སློབ་ཆུང་ལ་དཔེ་ཀློག་མང་པོ་བྱེད་པའི་དགོས་པ་མེད་ཟེར། གཙོ་བོ་བསླབ་གཞི་ནང་དོན་བརྒྱུད་སྤྲོད་ཙམ་ཐུབ་ན་འགྲིག་ཟེར། ཤེས་ཚད་མི་དགོས་སྡུག་རུས་ཡོད་ན་འགྲིག་ཟེར། རང་ངོས་ནས་བཤད་ན་དེ་དག་ནི་ཁུངས་མེད་བྱུང་རྒྱལ་གྱི་སྨྲ་བ་ཤ་སྟག་ཅིག་ལ་ངོས་འཛིན་གྱི་ཡོད། སློབ་ཆུང་གི་བསླབ་གཞིའི་ནང་དོན་དེ་ཙམ་རྒྱ་ཆེན་པོ་མིན་ན་ཡང་། སློབ་ཚན་རེ་རེའི་ཁྲོད་ན་དཀའ་གནད་རེ་རེ་འདུག་པས། ཁ་ནས་བཤད་པ་ལྟ་བུའི་ལས་སླ་བོ་ཞིག་རྩ་བ་ནས་མ་རེད། ངས་རང་ཉིད་ཀྱིས་རྟག་ཏུ་དཔེ་ཀློག་བྱས་པ་ཡིན་ལ། ལས་རོགས་ཚོར་ཡང་དཔེ་ཀློག་གི་དགོས་མཁོ་གླེང་མྱོང་། སློབ་མ་ཚོར་ཡང་དཔེ་ཀློག་བྱ་དགོས་པའི་སྐུལ་ལྕག་བསླབ་བྱ་བྱས་པ་ཡིན།

དཔེ་ཀློག་གི་ཁྲོད་ན་ང་ཚོས་ཤེས་རབ་ཀྱི་ཟིལ་མངར་ལེན་ཆོག་ལ། དཔེ་ཀློག་གི་ཁྲོད་ན་ང་ཚོར་མཁོ་བའི་བདེ་སྐྱིད་ཀྱི་ལྡེ་མིག་རྙེད་ཐུབ། མི་རེ་རེས་དཔེ་ཀློག་ལ་འཇུག་ཚེ་ད་གཟོད་མི་རེ་རེ་ནི་རེ་བ་ཅན་གྱི་མི་རུ་འགྱུར་ཐུབ་པ་ཡིན། ད་ལྟ་ཆ་འཕྲིན་དུས་རབས་ཀྱི་འཕྲིན་ཆས་(抖音)མང་པོས་ང་ཚོའི་དཔེ་ཀློག་བྱེད་པའི་དུས་ཚོད་འཕྲོག་སོང་ན་ཡང་ང་རང་ཚོས་རང་ནུས་ཡོད་རྒུས་དཔེ་ཀློག་ལ་འཇུག་ཐུབ་པ་བྱ་དགོས། ང་རང་དགེ་རྒན་གྱི་ལས་ཀ་གཉེར་ནས་མི་ལོ་བདུན་ཙམ་ཕྱིན་སོང་། མི་ལོ་བདུན་གྱི་ནང་དུ་གོམས་གཤིས་གཅིག་འགྱུར་ལྡོག་ཕྱིན་མིན་ཏེ་དེ་ནི་དཔེ་ཀློག་གི་གོམས་གཤིས་ཡིན།

ཁྱོད་རང་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ནས་རང་གི་དགེ་མཚན་ཡོད་དོ་ཅོག་རྩ་མེད་དུ་བཟོས་དུས། དཔེ་ཀློག་གིས་ཁྱོད་ལ་ཞི་འཇམ་ཆུ་གྲང་རྡོལ་ཏེ་ཁོང་ཁྲོ་ཞི་བར་བྱ་ངེས། རང་ཉིད་ལས་དོན་མཐའ་དག་ཡིད་ཐང་ཆད་དེ་ཉོབ་ནས་སྡོད་དུས། དཔེ་ཀློག་གིས་ཁྱོད་ལ་ཡིད་ཆེས་བྱིན་ནས་སྤྲོ་བ་སྟེར་སྲིད། ཁྱོད་རང་ཕམ་ཁའི་གཡང་རོང་དུ་ཟགས་ལ་ཉེ་དུས། དཔེ་ཀློག་གིས་ཁྱོད་ལ་རྒྱལ་ཁའི་ཐག་སྣེ་བརྐྱངས་ནས་གཡང་གཟར་ལས་ཡར་འདྲེན་ཐུབ། ཁྱོད་རང་རིག་རྟུལ་གྱིས་བཅོམས་ནས་རྨོངས་གཉིད་ལ་ཤོར་དུས། དཔེ་ཀློག་གིས་རིག་པའི་ཅོང་བརྡ་དཀྲོལ་ཏེ་རྨོངས་གཉིད་ལས་སད་པར་བྱ་ངེས། མཐའ་ན་དཔེ་ཀློག་གིས་ཁྱོད་ཀྱི་འདོད་དོན་བསྒྲུབ་པར་གདོང་གྲོགས་བྱ་ཐུབ་པ་ཡིན།