ལྷ་ས་གྲོང་ཁྱེར་གྱིས་སྒོར་ཁྲི་3000རི་བའི་འཛད་སྤྱོད་འཛིན་ཤོག་སྤྲད་དེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020-05-03 16:15:00】

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་འཛད་སྤྱོད་བརྟན་པོའི་ངང་འཕར་བར་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་སུ་སྒོར་ཁྲི་3000རི་བའི་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཛད་སྤྱོད་འཛིན་ཤོག་ནང་སྤྱི་སྤྱོད་འཛད་སྤྱོད་འཛིན་ཤོག་དང་། སྒོ་རྩིས་ཚོང་ཁང་གི་འཛད་སྤྱོད་འཛིན་ཤོག ཨ་བསོད་ཅན་གྱི་འཛད་སྤྱོད་འཛིན་ཤོག་བཅས་རིགས་གསུམ་ཡོད་པ་ལས། སྤྱི་སྤྱོད་འཛད་སྤྱོད་འཛིན་ཤོག་ནི་རེས་སྐོར་རེའི་བྱེད་སྒོར་མི་རེས་3རེ་ལེན་ཆོག་པ་དང་། འཛད་སྤྱོད་འཛིན་ཤོག་རེའི་དངུལ་འབོར་སྒོར་100ཟིན་ན་སྒོར་25དང་སྒོར་300ཟིན་ན་སྒོར་75གཅོག་རྒྱུ་རེད། སྒོ་རྩིས་ཚོང་ཁང་གི་འཛད་སྤྱོད་འཛིན་ཤོག་ནི་རེས་སྐོར་རེའི་བྱེད་སྒོར་མི་རེས་1རེ་ལེན་ཆོག་པ་དང་། འཛད་སྤྱོད་དངུལ་འབོར་སྒོར་100ཟིན་ན་སྒོར་25གཅོག་རྒྱུ་རེད། ཨ་བསོད་ཅན་གྱི་འཛད་སྤྱོད་འཛིན་ཤོག་རེས་སྐོར་རེའི་བྱེད་སྒོར་1ལེན་ཆོག་པ་དང་། འཛད་སྤྱོད་དངུལ་འབོར་སྒོར་300ཟིན་ན་སྒོར་80གཅོག་རྒྱུ་ཡིན་པ་རེད།

འཛད་སྤྱོད་འཛིན་ཤོག་སྤྲོད་པའི་དུས་ཚོད་དང་བེད་སྤྱོད་བྱེད་པའི་དུས་ཚོད་ནི་ཟླ་6ཚེས་6ཉིན་ནས་ཟླ་7ཚེས་20ཉིན་བར་ཡིན་པ་རེད།