རིམས་འགོག་དང་རྣམ་གྲངས་གཉིས་ཀར་དམ་འཛིན་བྱས་ཏེ་རོགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020-05-04 16:15:00】

     2020ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་རེད། འདི་ལོ་ཚུན་དུ། ཧྲན་ཏུང་གཡན་ཐའེ་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་རིམས་འགོག་དང་རྣམ་གྲངས་གཉིས་ཀར་དམ་འཛིན་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། བདེ་ཐང་དང་སྲིད་གཙང་གི་མཐའ་ཚད་གཉིས་བརྟན་སྲུང་། སྤུས་ཚད་འགན་ལེན་ངང་རོགས་སྐྲུན་རྣམ་གྲངས་མཐའ་གཅིག་ཏུ་ལེགས་གྲུབ་བཅས་བྱས་ཏེ་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ་རེད།

ཧྲན་ཏུང་གཡན་ཐའེ་ཡིས་2017ལོ་ནས་བོད་རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་དང་པོ་བཙུགས་ཏེ་ད་བར་སྔ་རྗེས་སུ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་4མངགས་པ་དང་། ད་ཆ་བྱེད་སྟངས་དེ་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་ཁག་ལ་ཁྱབ་གདལ་སོང་ཡོད། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་དང་པོ་གཉའ་ནང་རྫོང་དུ་བཅའ་སྡོད་བྱས་ཚུན། བོད་སྐྱོར་སྨན་བཅོས་རུ་ཁག་གིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་7དང་། གྲོང་ཚོ་44 ཞིང་འབྲོག་པ་ཁྲི་1.4ལྷག་ཙམ་ལ་སྐོར་སྐྱོད་སྨན་བཅོས་ཀྱི་ལས་འགན་བསྒྲུབས་ཤིང་། རིམ་རྩིས་བྱས་ན་ལོ་ལྟར་ལམ་ཐག་སྤྱི་ལེ་6000ལྷག་ཙམ་བསྐྱོད་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། གཡན་ཐའེ་ལ་ད་ལོར་ཁྱོན་རིགས་8ཀྱི་བོད་སྐྱོར་རྣམ་གྲངས་27ཡོད་པར་མ་དངུལ་སྒོར་ཁྲི་5555བཏང་ཡོད། ཐོན་ལས་འཕེལ་རྒྱས་ཀྱི་ཐད་ད་ལོའི་ལོ་འཁོར་དུ་མ་དངུལ་སྒོར་ཁྲི་700ལེགས་སྒྲིག་བྱས་ནས་རང་ངོས་ཀྱི་རང་རྟེན་ནུས་པ་ཡོད་སའི་རང་ཡུལ་གྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྤྱད་དེ་གཉའ་ནང་གི་རང་ངོས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱ་རྒྱུ་རེད། ཧྲན་ཏུང་གཡན་ཐའེ་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་ལྷ་སྤྲེལ་བོད་སྨན་གཞི་རྟེན་དུ་བྱས་ནས་བོད་སྐྱོར་མ་དངུལ་སྒོར་ཁྲི་500བཏང་སྟེ་ལྗོངས་ཡོངས་ལ་ཕྱོགས་པའི་སྤྱི་པའི་བོད་སྨན་ཞིབ་བཟོ་ཞིབ་བཤེར་ཚད་ལེན་གྱི་ལས་སྟེགས་ཤིག་གཏོད་རྒྱུ་མ་ཟད། གཞིས་རྩེའི་བོད་སྨན་ཐོན་ལས་ཀྱི་ཚན་རྩལ་ཆུ་ཚད་དང་། ཞིབ་བཟོའི་ནུས་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་ནུས་པ་བཅས་ཆེ་རུ་བཏང་སྟེ་ཐོན་ལས་གཉིས་པའི་ལྟེ་བའི་འགྲན་རྩོད་ནུས་པ་ཆེར་གཏོང་ཐུབ་པར་རམ་འདེགས་བྱས་ནས་སྤུས་ཚད་མཐོ་བའི་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རེད། དེ་དང་ཆབས་ཅིག མུའུ་སྟོང་གི་ས་ཞིང་ལ་ལེ་ལག་ཚང་བའི་ཆུ་བེད་སྒྲིག་བཀོད་ཀྱི་རྣམ་གྲངས་བསྐྲུན་ནས་གཉའ་ནང་གི་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རྨང་གཞི་འདིང་བ་དང་ཕུགས་ལ་ཇུས་འགོད་བྱ་རྒྱུ་རེད།