ཡབ་ཡུམ་དྲན་པའི་མིག་ཆུའི་འཕྲིན་ཡིག

ངག་དབང་ཆོས་སྒྲོན། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ།

གསར་འགྱུར་སྤེལ་དུས།  【2020-05-12 18:05:00】

ཡང་གྲོ་ཆས་དང་དཔེ་ཁུག་ཁུར་ཏེ་སློབ་གྲྭར་ཆས་དགོས་བྱུང་། ཨ་ཕའི་ལྷ་བསང་དང་ཨ་མའི་ཁ་གཡང་ཁྲོད་ང་ཕ་ཡུལ་ནས་བྲལ་བ་ཡིན། སློབ་གྲྭར་བསླེབས་དུས། ཡབ་ཡུམ་ཞེས་པའི་ཐ་སྙད་འདི་ཐོས་འཛིན་རྣ་བའི་རྒྱུད་ནས་གོ་ཐེངས་རེར་ངའི་འདྲེན་བྱེད་ཀྱི་མེ་ལོང་ངོས་སུ་ཡབ་ཡུམ་གྱི་བྱམས་བརྩེ་ཡི་ཕྱུག་པའི་ཞལ་རས་དང་སྐད་ཆ་སོགས་རྡོ་ལ་རི་མོ་བྲིས་པ་ལྟར་ནམ་ཡང་བརྗེད་མ་མྱོང་།

ཚེ་གཅིག་དྲིན་གྱིས་བསྐྱངས་པའི་བྱམས་ལྡན་གྱི་ཕ་མ་ལགས།ཁྱེད་གཉིས་ཀྱིས་བུ་མོ་ངའི་ཆེད་དུ་དབྱར་ཚ་གདུག་དང་དགུན་གྲང་རླུང་གདོང་གིས་བསུས་ནས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་ལུས་སྐམ་ཤ་རེད་དུ་གྱུར་ཡང་དཀའ་བའི་ཚིག་གཅིག་ཀྱང་མེད་པར་འཚོ་བ་ལ་འབད་འབུང་བྱས་ཡོད།

ཡབ་ཡུམ་ལགས། ཁྱེད་གཉིས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། མི་ཚེ་ནི་མི་རྟག་པ་ཞིག་ཡིན་པས། བུ་མོ་ང་རང་སེམས་པ་ནི་ཧ་ཅང་སྡུག་གི ཡབ་ཡུམ་ལགས། ཁྱེད་གཉིས་ཀྱི་སྐུ་གཟུགས་ནི་སྔ་ལྟར་མི་འདྲ་བའི་དུས་ཀྱི་གཤེད་མའི་ལག་པ་བརྐྱངས་ཏེ་ཉམས་འདུག དབུ་སྐྲ་སད་དུ་གྱུར་ཅིང་། གཉེར་མ་ཇེ་མང་དུ་འགྲོ་བཞིན་མཆིས། ད་དུང་སྔར་སྐར་ཆེན་ཤར་འདྲའི་མིག་ཟུང་གཉིས་ཀོང་ཀོང་དུ་འཛུལ་ནས་གསལ་ལ་མི་དྭངས་པའི་མིག་སྤྱན་གཉིས་མཐོང་དུས་ངའི་ཞེ་ནས་སྨྲ་མི་ཤེས་པའི་ཚོར་བ་སྐྱུར་མོས་མགྲིན་པ་བརྣངས་བྱུང་།ཁྱེད་གཉིས་ཀྱི་ཁྲ་ཆུང་མིག་བཞིན་གཅེས་པའི་བུ་མོ་ང་ཡི་འདས་སོང་གི་ལོ་ཟླ་ལ་ཕྱིར་དྲན་བྱེད་དུས། སློབ་ཁང་གི་སྒེའུ་ཁུང་འགྲམ་ནས་དྲན་པ་མིག་ཆུར་བརྒྱུས་ནས་ཁྱེད་གཉིས་ཀྱི་ཕྱོགས་ལ་བལྟ་བཞིན་ཡོད།ལས་ཀྱི་དབང་གིས་ངས་ཕ་ཡུལ་རྒྱང་དུ་བསྐྱུར་ནས་སློབ་གྲྭར་ཆས་དགོས་བྱུང་སོང་། གནས་འདི་ནས་ངས་ཁྱེད་གཉིས་ཀྱི་ཕྱག་ཟུང་དང་བཞིན་རས། སྐུ་ལུས་སོགས་ཡིད་ལ་དྲན་ཐེངས་རེར་ཁྱེད་གཉིས་ཀྱི་རེ་བ་ཡང་ཆུད་ཟོས་སུ་མི་གཏོང་བའི་སློབ་སྦྱོང་ཐད་འབད་པ་ལྷུར་མེད་བྱས་ཀྱིས་ཡོད།

ཀྱེ། ཡབ་ཡུམ་ལགས། སློབ་གྲྭ་ན་ངས་རང་གི་མིག་ཆུ་རང་གིས་འབྱེད་བཞིན། དཀའ་བ་དང་དུ་བླངས། ཚེགས་པ་རྒྱབ་ཏུ་ཁུར་ནས་ཁྱེད་གཉིས་ལ་དྲོད་སྐྱིད་ཀྱི་འཇིག་རྟེན་ཞིག་བསྐྲུན་ཕྱིར།ནམ་ཡང་བྱམས་བརྩེ་ཡིད་ལ་བསྒོམས་སྟེ་རྒན་ལ་བརྩི་བཀུར་དང་མཉམ་ལ་མཐུན་སྒྲིལ་གྱིས་སློབ་སྦྱོང་འབད་བཞིན་ཡོད།ཡབ་ཡུམ་ལགས་ཅིས་ཀྱང་ཐུགས་བློ་བདེ་མོ་བྱ་རོགས། བུ་མོ་ངས་ལེགས་སྐྱེས་གྱ་ནོམ་པ་ཞིག་ཁྱེར་ནས་ཁྱེད་གཉིས་ཀྱི་པང་ན་ལོག་འོང་།