ལང་ཚོའི་མེ་ཏོག་དབུལ་སྒྲོལ་ལམ་བུར་བཞད།

—— སྐབས་བཅུ་དྲུག་པའི“བོད་ལྗོངས་གཞོན་ནུ་ལྔ་བཞིའི་གཟེངས་རྟཌ་ཐོབ་མཁན་མཉམ་སྡེབ”ཧྭ་གློག་བོད་ལྗོངས་ཀུང་སིའི་གྲོང་སྡོད་ལས་དོན་རུ་ཁག་གི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020-05-15 10:20:00】

              2020ལོའི་ཟླ་5ཚེས་12ཉིན་ཧྭ་གློག་བོད་ལྗོངས་ཀུང་སིའི་སྡེ་ཚོགས་ཀྲི་པུའི“ལང་ཚོའི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པའི་ལང་ཚོའི་ཚོགས་རར་བོད་རང་སྐྱོང་ལྗོངས་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཧོ་ཧྭ་ཡིས“སྐབས་བཅུ་དྲུག་པའི‘བོད་ལྗོངས་གཞོན་ནུ་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་མཉམ་སྡེབ’”བྱ་དགའ་ཝེ་འཕྲང་གྲོང་ཚོར་བཅའ་སྡོད་ཧྭ་གློག་བོད་ལྗོངས་ཀུང་སིའི་ལས་དོན་རུ་ཁག་གི་འཐུས་མིར་སྤྲད་པ་རེད།

བྱ་དགའ་དེ་ནི་ལས་དོན་རུ་ཁག་དེའི་ལོ་མང་གྲོང་སྡོད་དབུལ་སྐྱོར་གྱི་ལས་དོན་ལ་གདེང་འཇོག་དང་ལྕག་སྐུལ་བྱས་པ་ཞིག་རེད། ལས་དོན་རུ་ཁག་དེ་གཞོན་ནུ་4ལས་གྲུབ་པ་ཞིག་ཡིན་པ་དང་། ཆ་སྙོམས་ལོ་ཚད་32ཡིན་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཉམ་སྡེབ་ཅིག་རེད། ཁོང་ཚོས་རང་ཉིད་ཀྱི་ལང་ཚོ་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་བྱ་གཞག་ལ་ཕུལ་ནས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོ་2019ལོར་དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱས་པ་དང་། གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2018ལོའི་ལོ་འཁོར་གྱི་སྒོར་4454ནས་2019ལོའི་ལོ་འཁོར་གྱི་སྒོར་5500བར་འཕར་བ་དང་འཕར་ཚད་23%ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་44ཡི་མི་གྲངས་234ཚང་མ་དབུལ་སྒྲོལ་ཐུབ་པ་རེད།

“ཧྭ་གློག་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་གཞི་རིམ་མང་ཚོགས་ལ་ལས་དོན་དངོས་བསྒྲུབས་པས། ལས་དོན་རུ་ཁག་དེ་མ་བརྗེ་རོགས”ཞེས་པ་དེ་ནི་ཝེ་འཕྲང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མཐར་ཕྱིན་གྱིས་ཧྭ་གློག་བོད་ལྗོངས་ཀུང་སིའི་འགོ་ཁྲིད་ལ་བཏོན་པའི་རེ་བ་འབའ་ཞིག་རེད།

2019ལོར་མཐར་ཕྱིན་གྱི་གཅུང་མོ་མཐོ་རིམ་སློབ་འབྲིང་ཐོན་རྗེས་ལས་ཀ་མེད་པར་བརྟེན་སེམས་ཁྲལ་ཆེན་པོ་བྱུང་། གནས་ཚུལ་དེ་ཧྭ་གློག་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལུའོ་ཐའེ་ཀུའེ་ཡིས་ཤེས་རྗེས་སེམས་ལ་བཞག ཐེངས་ཤིག་ལུའོ་ཐའེ་ཀུའེ་རྫོང་དུ་ལས་དོན་སྒྲུབ་པར་སྐྱོད་སྐབས་ཆབ་མདོ་གྲོང་ཁྱེར་འགན་བཅོལ་ཀུང་སིར་ལས་མི་བསྡུ་བའི་ཆ་འཕྲིན་ཤེས་རྟོགས་བྱུང་འཕྲལ་མཐར་ཕྱིན་གྱི་གཅུང་མོར་དེའི་སྐོར་བཤད་པ་དང་སྦྲགས་རོགས་པ་བྱས་པས་ཁོ་མོར་ལས་ཀ་རག ད་ཆ་མཐར་ཕྱིན་གྱི་གཅུང་མོར་ཟླ་བ་རེར་ཡོང་འབབ་སྒོར་5000ལྷག་ཙམ་ལེན་རྒྱུ་ཡོད་པས་ཁྱིམ་ཚང་དབུལ་སྒྲོལ་ཐུབ་ཡོད།

“ཕྱུག་པོ་ཆགས་བསམ་ན། སྔོན་ལ་ལམ་སྐྲུན་དགོས”གཞུང་ལམ་མེད་པ་དེ་ཝེ་འཕྲང་གྲོང་ཚོ་དབུལ་སྒྲོལ་ཕྱུར་འགྱུར་ལ་འཕྲད་པའི་འགོག་རྐྱེན་ཆེ་ཤོས་ཡིན་ཞིང་། ཝེ་འཕྲང་གྲོང་ཚོར་ཞེང་ཚད་ལ་སྨི་3ཡང་མེད་པའི་ཀྱག་ཀྱོག་འཕྲང་ལམ་ཞིག་ལས་མེད་པའི་ཁར་རྒྱུན་དུ་རྡོ་ཟག་པ་དང་། རི་ཉིལ་བ། གངས་འཁྱག་གིས་འགག་པ་སོགས་བྱེད་ཀྱི་ཡོད་སྟབས། ལམ་བཟོ་རྒྱུ་ནི་གྲོང་སྡོད་ལས་དོན་རུ་ཁག་གི་ལས་དོན་གལ་ཆེན་ཞིག་ལ་གྱུར། ཁོང་ཚོས་ནུས་ཤུགས་ཡོད་རྒུས་ལམ་བཟོའི་ཇུས་གཞིར་ཞིབ་འཇུག་དང་རོགས་སྐྱོར་སྲིད་ཇུས་བརྩོན་ལེན་བྱས་ནས་ཝེ་འཕྲང་གྲོང་ཚོར་སྲིད་གཞུང་ནས་མ་དངུལ་སྒོར་ཁྲི་1800རེ་ཞུ་བྱས་ཏེ། རིང་ཚད་ལ་སྤྱི་ལེ་9ཡོད་པའི་ཨར་འདམ་ལམ་བསྐྲུན་པ་རེད། རླངས་འཁོར་ཤར་གཏོང་ཐུབ་པའི་ཉིན་མོར། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚང་མ་དགའ་སྤྲོ་ཆེན་པོ་བྱུང་བ་དང་། ལམ་དེར་ཝེ་འཕྲང་གྲོང་ཚོའི“མྱུར་བགྲོད་གཞུང་ལམ”ཞེས་མིང་བཏགས་ཡོད། 2019ལོར་གྲོང་སྡོད་ལས་དོན་རུ་ཁག་གིས་སྲིད་གཞུང་ནས་ཡང་བསྐྱར་མ་དངུལ་སྒོར་ཁྲི་3300རེ་ཞུ་བྱས་ནས་ད་ལྟ་ཝེ་འཕྲང་གྲོང་ཚོ་ནས་མུག་བསང་རི་བོའི་བར་སྤྱི་ལེ་13ཡོད་པའི་འགྲོ་ལམ་སྐྲུན་བཞིན་ཡོད་པས། “འགྲོ་སྐྱོད་དཀའ་བའི”གནད་དོན་ཐག་གཅོད་ཐུབ་རྒྱུ་མ་ཟད། ད་དུང་ཕྱིས་འབྱུང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཐུབ་པ་རེད།

སྤོ་ལོའི་ཤིང་བརྐོས་ལག་རྩལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་ཞིང་། ཝེ་འཕྲང་གྲོང་ཚོའི་གྲོང་མི་ཚེ་འཕེལ་ནི་རྒྱལ་ཡོངས་སུ་རྒྱུན་འཛིན་པ་2ལས་མེད་པའི་ནང་གི་གཅིག་རེད། གྲོང་ཚོའི་ནང་ད་དུང་ཤིང་བརྐོས་ལས་ལ་བྱང་ཆུབ་པའི་ཤིང་བཟོ་བ་20ཙམ་ཡོད་ཀྱང་གཞི་ཁྱོན་ཆེན་པོ་ཆགས་མེད་སྟབས། ཤིང་བཟོ་བར་ལས་ཀ་ཙག་ཙིག་བྱས་ནས་ཟླ་རེར་ཡོང་འབབ་སྒོར་1000ཙམ་ལས་རག་གི་མེད། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་མི་སྒྲིག་འཛུགས་བྱས་ནས་མི་རིགས་ལག་ཤེས་བཟོ་རྩལ་ཀུང་སི་ཤིག་བཙུགས་པ་དང་སྲིད་གཞུང་ནས་མ་དངུལ་སྒོར་ཁྲི་535རེ་ཞུ་བྱས་ནས་ཤིང་བརྐོས་འཁོར་ཁང་བསྐྲུན་པ་མ་ཟད། ཧྭ་གློག་བོད་ལྗོངས་ཀུང་སིས་འཁོར་ཁང་སྲུང་སྐྱོབ་ཆེད་མ་དངུལ་སྒོར་ཁྲི་100བཏང་ནས་ཆུ་རགས་བརྒྱབ་པ་དང་། ཤིང་བརྐོས་ཀུང་སི་དང་མཉམ་ལས་མཐུན་སྦྱོར་བྱས་ནས་དངུལ་སྒོར་ཁྲི་4000ཟིན་པ་དང་དུས་ཡུན་ལོ་10ཡི་དངོས་ཟོག་མཁོ་འདོན་གྲོས་མཐུན་ཡི་གེ་བཞག་སྟེ། རྣམ་གྲངས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་བྱས་པ་རེད། ད་ཆ་ཤིང་བརྐོས་བཟོ་གྲྭ་དེ་ཝེ་འཕྲང་གྲོང་ཚོའི་དབུལ་སྒྲོལ་འདེགས་སྐྱོར་གྱི་རྣམ་གྲངས་ཤིག་ཏུ་འགྱུར་བ་དང་། མི་71ལས་ཞུགས་ཐུབ་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་29ཡོད་ཅིང་། 2019ལོ་ཁོ་ནར་མང་ཚོགས་ལ་ཁེ་བཟང་སྒོར་ཁྲི་200ཙམ་བགོས་ཡོད།

ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཝེ་འཕྲང་གྲོང་ཚོའི་གྲོང་མི་མང་པོ་ཞིག་ཧུའུ་པེ་སོགས་ཚུད་པའི་ནང་སའི་ས་ཆར་བསྐྱོད་ནས་གྲོང་ཚོར་ཕྱིར་ལོག་བྱས་པས་འཁོར་ཞག་བྱེད་བཞིན་པའི་རུ་དཔོན་ལུའོ་ཐའེ་ཀུའེ་ཡིས་མགྱོགས་མྱུར་བོད་དུ་ལོག་རྒྱུའི་ཞུ་ཡིག་ཕུལ་བ་རེད། ལོ་24ལ་སླེབས་པའི་གྲོང་སྡོད་རུ་མི་དགེ་ལེགས་དབང་ཕྱུག་གིས་ལས་གནས་བརྟན་སྲུང་བྱས་ནས་ཉིན་མོ་མང་ཚོགས་ལ་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་དང་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཞིབ་བཤེར་བྱེད་པ་དང་། མཚན་མོ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་15ཡི་ཁྲོད་ཞིབ་བཤེར་ས་ཚིགས་གུར་ནང་ལས་གནས་བརྟན་སྲུང་བྱེད་ཀྱི་ཡོད།

2020ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཡིན་ཞིང་། མཐར་ཕྱིན་སོཌ་ཝེ་འཕྲང་གྲོང་ཚོའི་མང་ཚོགས་ཚོས་ཧྭ་གློག་གྲོང་སྡོད་ལས་དོན་རུ་ཁག་མི་བརྗེ་བའི་རེ་བ་བཏོན་པ་རེད། དེ་ཐོག་ནས་མང་ཚོཌ་ཚོས་ཁོང་ཚོའི་ལས་དོན་ལ་གདེང་འཇོག་བྱེད་པ་མཚོན་ཐུབ། ཁོང་ཚོས་བསམ་བློ་ཡང་ཡང་བཏང་རྗེས་རང་འགུལ་ངང་ལས་དོན་རུ་ཁག་བརྗེ་པོ་མི་རྒྱག་པར་ཝེ་འཕྲང་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་གྲུབ་འབྲས་བརྟན་དུ་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལང་ཚོ་དང་སྟོབས་ཤུགས་མུ་མཐུད་སྐྱེས་སུ་འབུལ་རྒྱུའི་སེམས་ཐག་བཅད་པ་རེད།