ཆབ་མདོའི་རྒུན་འབྲུམ་འདེབས་འཛུགས་ཐོན་ལས་ཀྱིས་དབུལ་ཐར་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020-05-15 10:30:00】

      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པ་སླེབས་པའི་ཚེ་བོད་ལྗོངས་ཤར་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཁོངས་ཀྱི་རྫ་ཆུ་སྐམ་རིའི་ལུང་གཞུང་དུ་གནས་པའི་རྨོག་ཤོད་ཤང་འདི་ཉིད་སྔོ་ཐིང་ཐིང་དུ་གྱུར་ཡོད།

རྨོག་ཤོད་ཤང་དང་། འཇང་མི་རིགས་ཤང་། ཆུ་ཚན་ཁ་ཤང་བཅས་སྨར་ཁམས་རྫོང་གི་ལྷོ་རྒྱུད་དུ་གནས་པ་དང་། གནམ་གཤིས་ཀྱི་ཆ་རྐྱེན་རྒུན་འབྲུམ་སྐྱེ་རྒྱུར་འཚམ་པོ་ཡོད་པས་ལོ་རྒྱུས་ཐོག་རྒུན་འབྲུམ་འདེབས་འཛུགས་དང་ཆང་དམར་བསྙལ་བའི་སྲོལ་རྒྱུན་ཡོད། ཉེ་བའི་ལོ་ཤས་རིང་སྨར་ཁམས་རྫོང་གིས་རྒུན་འབྲུམ་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་བས་མང་ཚོགས་དབུལ་ཐར་འབབ་འཕར་གྱི་ཐོན་ལས་སུ་གྱུར་ཡོད། རྒུན་འབྲུམ་ཐོན་ལས་གསོ་སྐྱོང་ལེགས་པོ་བྱ་ཆེད་སྨར་ཁམས་རྫོང་གིས་ཁེ་ལས་མང་པོ་ནང་འདྲེན་བྱས་ཏེ་མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་དང་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གིས་ཀྱང་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ཕན་འབྲས་རགས་ཙམ་ཐོན་ཡོད། གསར་འགོད་པས་རྫོང་དེའི་ཀྲུང་གླིང་ཁ་ཤང་ནས་ས་གནས་དེ་གར་ཐང་རྒོད་མུའུ7000ལྷག་ཙམ་གཅིག་སྡུད་ཡུག་འབྲེལ་གྱི་རྒུན་འབྲུམ་ལྡུམ་རར་སྒྱུར་བཀོད་བྱས་པ་དང་འདེབས་འཛུགས་རྒྱ་ཁྱོན་མུའུ5832ཟིན་པ་མཐོང་བྱུང་། སྲིད་གཞུང་གིས་ད་དུང་རིན་མི་དགོས་པར་རྒུན་འབྲུམ་གྱི་མྱུ་གུ་ཁྲི7.5འགྲེམ་གཏོང་བྱས་ནས་མང་ཚོགས་ཀྱི་ཁང་པའི་རྒྱབ་མདུན་དུ་འདེབས་འཛུགས་བྱེད་པར་སྐུལ་འདེད་བྱས་པ་རེད།

2019ལོར་མཛོ་སྒང་རྫོང་གིས་བོད་སྐྱོར་ཐབས་ལམ་བརྒྱུད་དེ་ཞ་མོན་གྲོང་ཁྱེར་ཁྲེན་ཀུང་ཧུང་ཚོགས་པ་ནང་འདྲེན་བྱས་ཤིང་། བོད་ལྗོངས་ཁྲེན་ཀུང་ཧུང་ཐེན་ལུའུ་ཆང་ཁང་གིས་ཀྲུང་གླིང་ཁ་ཤང་རྒུན་འབྲུམ་གླིང་ཁུལ་གྱི་འདེབས་འཛུགས་དོ་དམ་དང་། ལས་མི་བསྡུ་བ། ཆང་དམར་བསྙལ་བ། ཐོན་རྫས་ཕྱིར་ཚོང་སོགས་ཀྱི་ལས་དོན་ལ་འགན་འཁུར་ནས་ཐོན་ལས་སྦྲེལ་ཐག་སྐྲུན་ནས་མང་ཚོགས་སྔར་བས་མང་པོར་ཕན་ཁེ་བསྐྲུན་ཡོད།

ཆབ་མདོ་གྲོང་ཁྱེར་དབུལ་ཐར་མཁྲེགས་གཏོར་བཀོད་འདོམས་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། གྲོང་ཁྱེར་ཡོངས་ཀྱི་རྒུན་འབྲུམ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི1.95སླེབས་པ་དང་། གཙོ་བོ་སྨར་ཁམས་དང་། མཛོ་སྒང་། དཔའ་ཤོད། རྫ་ཡུལ་རྫོང་སོགས་སུ་ཁྱབ་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་རྒུན་འབྲུམ་ཐོན་སྐྱེད་ལས་སྣོན་ཁེ་ལས5སྐྱེད་སྲིང་བྱས་ཏེ་ལོ་རེར་རིགས་ཁག་གི་སྤུས་རྟགས་རྒུན་ཆང་ཏུན600ལྷག་ཙམ་ཐོན་སྐྱེད་བྱས་པ་དང་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི6400ཟིན་ནས་མང་ཚོགས་དབུལ་པོ400ལྷག་ཙམ་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། །