ཝུའུ་དབྱིང་ཅེ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020-05-22 15:35:00】

ཟླ་5ཚེས་22ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གྲོས་ཞིབ་གནང་སྐབས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་ཀྱི་སྒོ་ནས་རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ནས་བྱས་རྗེས་བཞག་སྟེ་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཡོངས་སུ་མོས་མཐུན་གནང་བ་དང་བརྩི་བཀུར་ཡང་མཐའ་གཅིག་ཏུ་ཞུས་ཤིང་། ཁོང་གིས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ“ཚིག་ཉུང་བ”དང་། “གནད་ལ་འཁེལ་བ”“དོན་དངོས་དང་མཐུན་པ”བཅས་ཡོད་པ་དང་།  གྲུབ་འབྲས་དངོས་ཡོད་ཕྱོགས་སྡོམ་དང་སྙིང་སྟོབས་ཆེར་སྐྱེད་ཡིན་པ། དུས་བབ་ལ་དབྱེ་ཞིབ་དང་དངོས་ཐོག་བདེན་འཚོལ་དང་ཁ་རི་ཁ་ཐུག་ངང་མི་འདང་བའི་ཆ་བཏོན་པ། ལས་དོན་བཀོད་སྒྲིག་ཏན་ཏིག་དང་བྱ་ཐབས་ཁ་གསལ་བ་བཅས་ཡོད་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་སྙན་སྒྲོན་ཡག་པོ་ཞིག་དང་། བསམ་བློར་བཅིངས་འགྲོལ་གཏོང་བ་དང་གསར་འབྱེད་གསར་གཏོད་ཀྱི་སྙན་སྒྲོན་ཡག་པོ་ཞིག  ཐད་ཀར་དཀའ་ངལ་དང་འགྲན་སློང་ལ་ཁ་ཕྱོགས་པ་དང་འགན་འཁྲི་འཁུར་ནས་བྱས་རྗེས་ཧུར་ཐག་འཇོག་རྒྱུར་སྐུལ་ལྕག་གཏོང་བའི་སྙན་སྒྲོན་ཡག་པོ་བཅས་རེད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་འདས་ཟིན་པའི་ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆར་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། དཔལ་འབྱོར་གྲུབ་ཆ་དང་ས་ཁོངས་བཀོད་སྒྲིག་མུ་མཐུད་ལེགས་སྒྲིག་བྱུང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། སྒྱུར་བཅོས་སྒོ་དབྱེར་གོམ་སྟབས་གལ་ཆེན་སྤོས་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་འགག་རྩའི་འཕེལ་རིམ་བྱུང་བ་བཅས་ལས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཕྱིར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིང་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་སྟེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཐོག་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བརྒྱབ་པ། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་གཏོང་གི་ལས་དོན་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་བཅས་ཀྱི་ཐོག་ནས་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་དམག་སྤྱི། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅིའི་ཐབས་ཇུས་དམག་གུར་ནང་དུ་འདིང་བ་དང་། བཀོད་འདོམས་ལྷོད་དལ་གདེང་ལྡན། དམངས་བརྩེ་དམངས་གཅེས་བཅས་ཀྱི་བླ་ན་མེད་པའི་བརྩེ་སེམས་སླར་ཡང་མངོན་པར་བྱས་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་བོད་འདི་ཉིད་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་ཐོབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་སྤྱི་ཡོངས་གཉིས་སེམས་ལ་བཅངས་ཏེ་ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱི་སྒོ་ནས་བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་བློའི་འཁྱེར་སོ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལས་དོན་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་དང་། བརྟན་ལྷིང། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམ་འཛིན་ཡག་པོ་བྱེད་པ། ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་རྒྱུ་འགན་ལེན་དུ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་རྒྱུན་མཐུད་བརྟན་པོ་རྒྱུན་འཁྱོངས་སོགས་སྤྱི་ཡོངས་ཀྱི་དུས་བབ་ཡག་པོ་བྱུང་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ཕྱོགས་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ལ་ཐུག་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལ་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ཏེ། ལས་ཀར་ཁ་ཕྱོགས་དང་། བསམ་ཕྱོགས། གདེང་ཚོད། གདིང་གཞི་བཅས་ཡོད་པའི་འགན་ལེན་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གསལ་བཏོན་བྱས་པའི་དམིགས་ཚད་ལས་འགན་གཞིར་བཟུང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ་དང་། “འགན་ལེན་དྲུག”དང“བརྟན་པོ་དྲུག”གི་ལས་དོན་ལ་དམིགས་ནས་གོ་སྐབས་དམ་འཛིན་དང་། འགན་འཁྲི་ཁུར་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་ལས་དོན་ཁག་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་ཏན་ཏིག་གཏོང་བ་དང་། བྱ་བཟང་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པར་བྱེད་པ་དང་། དབུལ་སྒྲོལ་གྱི་གསོན་ཉམས་ལྡན་པའི་བསླབ་གཞི་བེད་སྤྱོད་ཡག་པོ་བྱས་ནས“བློ་སྐྱོར་དང་རིག་སྐྱོར”མཐའ་འཁྱོངས་བྱེད་པ། ལྟོ་གོས་ཀྱི་གནད་དོན་དང་བསམ་བློའི་གནད་དོན་ཐག་གཅོད་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་བཟང་དང་། ཀྲུང་གོ་གུང་ཁྲན་ཏང་བཟང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཟང་། མེས་རྒྱལ་ཁྱིམ་ཚང་ཆེ་མོ་བཟང་། མི་རིགས་མཐུན་སྒྲིལ་བཟང་བཅས་ཚོར་དུ་འཇུག་དགོས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མུ་མཐུད་ལས་དོན་མཐའ་དག་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་པ་དང་། རྙོག་དྲ་དང་དཀའ་ངལ་སྲིད་གཞུང་གིས་ཐག་གཅོད་བྱེད་པ། སྟབས་བདེ་དང་དངོས་ཕན་མི་རིགས་ཁག་གི་མང་ཚོགས་ལ་སྤྲད་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་ནན་ཏན་བྱེད་པ་དང་། “བརྟན་ལྷིང”ཨང་དང་པོར་འཇོག་པ་དང་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལོ་འཁོར་མོའི་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐའ་དར་དམངས་ཕྱུག་གི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ། དམག་དམངས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐའ་མཚམས་འཕེལ་རྒྱས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ། གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། ལས་བྱེད་པས་རང་འགན་ཐེག་པ་ཁུར་ལེན་བྱ་རྒྱུར་ལྕག་སྐུལ་བྱེད་པ་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།