བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ སྲིད་གཞུང་གི་ལས་དོན་ལ་གྲོས་ཞིབ་གནང་བ།

ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ། པད་མ་འཕྲིན་ལས་དང་། ཀྲའོ་ཁེ་ཀྲི། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ་བཅས་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020-05-26 12:30:00】

  འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་22ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། རྒྱལ་ཁབ་པུའུ་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་ནས་བསམ་འཆར་གསན་པ་རེད།

བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་དོན་ཨུ་ཡོན། སྤྱི་བདེ་པུའི་པུའུ་ཀྲང་བཅས་ཡིན་པའི་ཀྲའོ་ཁེ་ཀྲི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་གྲོས་ཞིབ་ནང་ཞུགས་པ་རེད། རང་སྐྱོང་ལྗོངས་ཀྱི་སྒྲིག་ཨུད་ཧྲུའུ་ཅི་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝེ་ཏུང་དང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཀྲུའུ་ཡ་ཕིང་བཅས་ཟུར་ཞུགས་གནང་བ་རེད།

ཝུའུ་དབྱིང་ཅེ་དང་། པད་མ་འཕྲིན་ལས། ཀྲའོ་ཁེ་ཀྲི་སོགས་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམིགས་ནས་གཏམ་བཤད་གནང་བ་རེད། ཚང་མས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་སྙན་སྒྲོན་ཧྲིལ་པོའི་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བྱས་པ་དང་། ལོ་གཅིག་རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་བརྒྱུད་རིམ་ལྡན་པར་ཕྱོགས་སྡོམ་དང་འཕྲད་པའི་དུས་བབ་ཀྱི་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ། འདི་ལོའི་གཙོ་གནད་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བཅས་བྱས་པ་དེ་ནི་བསམ་བློ་གཅིག་གྱུར་དང་སེམས་ནུས་གཅིག་སྒྲིལ་གྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་སྟབས་ཚང་མས་རྦད་དེ་མོས་མཐུན་དང་གོང་བཀུར་མཐའ་གཅིག་ཏུ་ཞུ་རྒྱུའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།

འཐུས་མི་ཚོས་གསུངས་དོན། འདས་ཟིན་པའི་ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“སྤྱི་ཡོངས་གཉིས”ཁོང་དུ་གཏིང་ཟབ་ཆུད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁའི་འགྲན་སློང་ལ་ཁ་གཏད་འོས་འཚམ་གཅོག་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེའི་བརྒྱུད་རིམ་ཁྲོད་འཕེལ་རྒྱས་གལ་ཆེན་བྱུང་ཡོད། ལྷག་པར་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་མཁས་མཛངས་ལྡན་པའི་འཐབ་ཇུས་བཏོན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གསོན་ཤུགས་ཆེན་པོ་དང་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་སླར་ཡང་གང་ལེགས་མངོན་པ་མ་ཟད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ངལ་མཐའ་དག་གི་མདུན་དུ་དམག་རྒྱག་ཕོད་པ་དང་འཐབ་ན་རྒྱལ་ངེས་པའི་སྟོབས་ཤུགས་ཆེན་པོ་སླར་ཡང་གང་ལེགས་མངོན་ཡོད།

འཐུས་མི་རྣམས་ཀྱིས། “འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། རང་རྟོགས་ངང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་ཟོལ་མེད། སྲུང་སྐྱོང་བཅས་བྱས་ཏེ་རང་རྟོགས་ངང་བསམ་བློའི་ཐོག་ནས་སྲོག་ཤིང་ལ་ཚད་མཐོའི་མོས་གུས་བྱེད་པ་དང་ཆབ་སྲིད་ཐོག་ནས་སྲོག་ཤིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། རྩ་འཛུགས་ཐོག་ནས་རང་རྟོགས་ངང་སྲོག་ཤིང་དང་ལེན་ཞུ་བ། བྱ་སྤྱོད་ཐོག་ནས་སྲོག་ཤིང་གི་རྗེས་སུ་དམ་པོར་འབྲང་བ་བཅས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཚོགས་འདུ་ཡག་པོ་འཚོག་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་རྩ་བརྟན་པོས་ལག་བསྟར་མཐའ་གཅིག་དུ་བྱེད་པ་བཅས་བྱས་ཏེ། ད་ཐེངས་ཀྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ཐོག་གཏན་འཁེལ་བའི་དམིགས་ཚད་ལས་འགན་ལ་གཞིགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་བསམ་ཕྱོགས་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ་དང་བོད་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་གྲུབ་འབྲས་གསར་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་ཟོལ་མེད་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།