རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བ།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཕེབས་པ་དང་། དབང་དབྱང་གིས་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020-06-02 10:52:58】

    ཟླ་5ཚེས་27ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གྲོལ་ཞིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་རྗེས། ཚེས་27ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། མི་དམངས་སྲིད་གྲོས་འདི་ཉིད་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་འཐབ་ས་གལ་ཆེན་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་ཚབ་བྱེད་མི་སྣར་མཐུན་སྒྲིལ་དང་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་སྟེགས་གལ་ཆེན། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་བ་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པའི་ཐབས་ལམ་གལ་ཆེན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

ཚོགས་འདུ་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་གཙོ་སྐྱོང་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། མཱ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། དབང་ཡུང་ཆིང་། ཧོ་ལི་ཧྥུང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་3པར་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས་པ་དང་། དབང་དབྱང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པར་ཨུ་ཡོན་2151ཕེབས་དགོས་པ་དང་། དངོས་སུ་2043ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པའི་ཁྱབ་བསྒྲགས་གནང་བ་རེད།

ཚོགས་འདུའི་ཐོག་ལི་པིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་པ་རེད། ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད། ཨུ་ཡོན་རྣམས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པར་མོས་མཐུན་གཅིག་མཐུན་གནང་བ་དང་འབྲེལ་རྒྱབ་སྐྱོར་ཡང་གནང་ཡོད།

དབང་དབྱང་གིས་གསུང་བཤད་གནང་སྐབས། ད་ཐེངས་ཀྱི་ཚོགས་འདུ་ནི་རང་རྒྱལ་གྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་བརྒྱབ་པར་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་གལ་ཆེན་ལ་སླེབས་པའི་དུས་སུ་འཚོགས་པ་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ནས། ཨུ་ཡོན་དང་ལྷན་དུ་རྒྱལ་དོན་ལ་གྲོས་མོལ་གནང་བ་རེད། ཨུ་ཡོན་ཡོངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་དོན་འཁྱོལ་བྱེད་པར་དམིགས་ནས། ཇུས་འདོན་སྲིད་སྐྱོང་ཧུར་ཐག་བྱས་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱས་པ་དེ་ཐོག་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གལ་ཆེན་གང་ལེགས་མཚོན་པ་དང་། དེ་ནི་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་རེད་ཅེས་གསུངས་པ་རེད།

དབང་དབྱང་གིས། འདི་ལོ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འདྲེས་མཚམས་ལོ་ཞིག་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི“སྤྱི་ཡོངས་གཉིས”བློ་ལ་བརྟན་པོར་འཆང་བ་དང་། བྱ་སྤྱོད་དངོས་དང་འགན་འཁྲི་སྒྲུབ་པའི་ཕན་འབྲས་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བའི་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས། རླབས་ཆེན་གྱི་རིམས་འགོག་འཐབ་རྩོད་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་དང་གདེང་ཚོད་བརྟན་དུ་བཏང་སྟེ། སྔར་ལས་ལྷག་པའི་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཉེན་ཁའི་ཚོད་བགམ་ལ་ཁ་གཏད་གཅོག་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་གང་ལེགས་བྱེད་དགོས། དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ནས་འགན་འཁྲི་སྒྲུབ་ནུས་དང་ལས་ཀའི་ཕན་འབྲས་དངོས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་ཏན་ཏིག་དང་འགན་འཁྲི་སྒྲུབ་ནུས་ཟུང་འབྲེལ་སྔར་ལས་ལྷག་པ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་དང་སེལ་ཐབས་བྱེད་པ། ཇུས་འདོན་སྲིད་སྐྱོང་སྤྱོད་གོ་ཆོད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་རྒྱུར་ཕན་ནུས་ཐོན་པ་བཅས་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་འགན་འཁྲི་སྒྲུབ་པར་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

དབང་དབྱང་གིས། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོའི་རྣམ་པའི་དམངས་གཙོ་ལག་བསྟར་བྱ་ཆེད་ནུས་པ་འདོན་པ་དང་ལེགས་སྐྱེས་འབུལ་དགོས། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ལེགས་ཆ་སྤྱད་དེ། ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་སྒྲིག་འཛུགས་ནུས་ལྡན་བྱས་ནས། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་ཤོག་མང་པོའི་མཉམ་ལས་གཅིག་གྱུར་དམ་ཟབ་ཡོང་བར་ཕན་པ་ཡོད་པ་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་གཅིག་སྡུད་དང་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱུ་ལག་བསྟར་ཡང་དག་བྱ་རྒྱུ་གཅིག་གྱུར་དམ་ཟབ་བྱེད་པར་ཕན་པ་ཡོད་པ། མཐུན་སྒྲིལ་ཟབ་ཏུ་ཏན་ཏིག་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་གཅིག་གྱུར་དམ་ཟབ་བྱེད་པར་ཕན་པ་ཡོད་ཅེས་ནན་བཤད་གནང་བ་རེད།