སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོ་བཅངས་ཏེ་ཆབ་མདོའི་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་བ།

ཨ་པུས་གྲོང་ཁྱེར་ཡོངས་ཀྱི་ལོ་ཆུང་བྱིས་པ་རྣམས་ལ།

གསར་འགྱུར་སྤེལ་དུས།  【2020-06-02 10:30:00】

ལོ་ཆུང་གདོང་ལེན་རུ་མིས་ཨ་པུའུ་ལ་སྐེ་དར་དམར་པོ་དཀྲིས་བཞིན་པ།

དགེ་སློབ་མཉམ་དུ《ང་དང་ངའི་མེས་རྒྱལ》ལེན་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས1ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུའུ་སྔ་རྗེས་སུ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་དུ་ཕེབས་ནས་ཕྲུ་གུ་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་སློབ་གྲྭ་དེ་གའི“ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བར་ལེགས་སྐྱེས་སུ་ཕུལ་ནས་ཚོད་ལྟ་སློབ་ཆུང་གི་རུ་མི་ཡག་པོ་ཞིག་བྱེད་པར་བརྩོན་ལེན་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཁོང་གིས་གྲོང་ཁྱེར་ཚན་ཁག་ཆེན་པོ་བཞིའི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་ལོ་ཆུང་བྱིས་པ་རྣམས་ལ་དུས་ཆེན་གྱི་སྨོན་འདུན་ཕུལ་བ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོ་བཅངས་ཏེ་བརྩོན་འགྲུས་ཆེན་པོས་ཤེས་བྱ་སློབ་སྦྱོང་དང་། ཕུགས་བསམ་དང་དད་འདུན་བརྟན་གཏོང་། བློ་སྟོབས་ལ་ཞུན་བརྡར་སྤྲོད་པ། གཟུགས་པོར་སྦྱོང་བརྡར་བཅས་བྱས་ནས་ཆབ་མདོའི་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་ཡོད། ལོ་ཆུང་གདོང་ལེན་རུ་མིས་ཨ་པུའུ་དང་བཅས་པར་སྐེ་དར་དམར་པོ་དཀྲིས།

སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་ཨ་པུས་སློབ་གྲྭའི་དགེ་སློབ་ཡོངས་དང་མཉམ་དུ་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོར་ཞུགས། བྱེད་སྒོ་ཁྲོད་ཨ་པུས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་ལ་ཁྱོད་ཚོ་ནི་མེས་རྒྱལ་གྱི་མེ་ཏོག་ཡིན་ལ་མི་རིགས་ཀྱི་མ་འོངས་པའང་ཡིན།

ལོ་ཆུང་འཇོན་ཐང་ལྡན་གྱུར་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་བར་ངེས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ང་ཚོའི་མི་རབས་འདི་ལ་རག་ལས་པ་མ་ཟད་དེ་བས་ཀྱང་ཁྱོད་ཚོའི་མི་རབས་འདི་ལ་རག་ལས་པས། ཁྱོད་ཚོས་རྒྱང་རིང་བའི་ཕུགས་བསམ་དང་དད་འདུན་བརྟན་གཏོང་དང་། མེས་རྒྱལ་དང་ཕ་ཡུལ། སློབ་སྦྱོང་བྱ་རྒྱུ་བཅས་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ཀྱི་ཀུན་སྤྱོད་བཟང་པོ་རྒྱུད་འཛིན་དང་དར་སྤེལ་བཏང་ནས་མེས་རྒྱལ་དང་མི་རིགས་ལ་ཕན་ཐོགས་པའི་མི་ཞིག་བྱེད་དགོས་པའི་མངགས་བཅོལ་གནང་ཡོད།

ཨ་པུས་ད་དུང་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་སྲིད་ཇུས་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ངང་སྤེལ་ནས་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོ་ཆུང་དུས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་ཕུགས་བསམ་དང་དད་འདུན་བརྟན་དུ་གཏོང་དགོས། སུའི་ཆེད་གསོ་སྐྱོང་བྱེད་པ་དང་། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ། ཇི་ལྟར་བྱས་ཏེ་གསོ་སྐྱོང་བྱེད་པའི་འདུ་ཤེས་ཡང་དག་པའི་སྒོ་ནས་བརྟན་པོ་བཙུགས་ནས་ཁོ་ཚོ་བྱམས་དང་བརྩེ་བའི་ཁོར་ཡུག་ཅིག་ནས་འཚར་ལོངས་འབྱུང་དུ་འཇུག་རྒྱུའི་རེ་བ་བཏོན་ཡོད།

ཉིན་དེར། གུང་གཞོན་སྡེ་ཚོགས་གྲོང་ཨུད་དང་། གྲོང་ཁྱེར་ལོ་ཆུང་ལས་དོན་ཨུ་ཡོན་ལྷན་ཚོགས། གྲོང་ཁྱེར་སློབ་གསོ་ཅུད་བཅས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཡོད།

གྲོང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་གྲོང་ཁྱེར་གྱི་འགོ་ཁྲིད་ལའོ་ཁྲོན་ཅུན་དང་། དཀོན་མཆོག་རྒྱལ་མཚན། ཐུབ་དགའ། ཧུའུ་ཏན་ཧྥུའུ་བཅས་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་བྱེད་སྒོར་ཞུགས་ཡོད། ཝེ་ཏུང་དང་། སྒྲོལ་དཀར། ཀྲང་ཧུང་ཅུན་བཅས་སོ་སོ་གྲོང་ཁྱེར་སློབ་ཆུང་དང་པོ་དང་། གྲོང་ཁྱེར་སློབ་ཆུང་གཉིས་པ། གྲོང་ཁྱེར་བུ་བཅོལ་ཁང་གསུམ་པའི་བྱེད་སྒོར་ཞུགས་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)