ངེད་གྲོང་ཁྱེར་གྱིས་འཛམ་གླིང་གི་ཐ་མག་མི་འཐེན་པའི་ཉིན་མོ་ཨང་33པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཁྱོད་ཀྱིས་ཐ་མག་གཅོད་ཐུབ་བམ།

གསར་འགྱུར་སྤེལ་དུས།  【2020-06-02 10:50:00】


འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་31ཉིན་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་གཞུང་དོན་ཁང་གིས་གྲོང་ཁྱེར་སློབ་གསོ་ཅུས་དང་། རིག་གནས་ཅུས། ཁྲོམ་རའི་ལྟ་སྐུལ་ཅུས། རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་། འཕྲོད་བསྟེན་ལྟ་སྐུལ་ཅུས། རིམས་ནད་ཚོད་འཛིན་ལྟེ་གནས་སོགས་ཚན་པ་དང་མཉམ་དུ་ཇ་རྟའི་ཐང་ཆེན་དུ་“འཛམ་གླིང་གི་ཐ་མག་མི་འཐེན་པའི་ཉིན་མོ་ཨང་33པའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོས་ས་གནས་ས་ཐོག་ཏུ་ཐ་མག་འཐེན་པའི་གནོད་འཚེ་འགྲེལ་བཤད་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། བློ་འདྲིའི་སྟེགས་བུ་འཛུགས་པ་བཅས་ཀྱི་རྣམ་པའི་ཐོག་ནས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ས་གནས་ས་ཐོག་ཏུ་ལས་དོན་མི་སྣས་རང་འགུལ་ངང་མི་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ། འགྲོ་འོང་བྱེད་མཁན་མང་ཚོགས་ལ་དུ་བ་གཅོད་པ་དང་ཐ་མག་ཚོད་འཛིན་བྱེད་པའི་དགོས་ངེས་ཀྱི་རང་བཞིན་དྲིལ་བསྒྲགས་བྱེད་པ་དང་། དུ་བས་བྱིས་པའི་བདེ་ཐང་ལ་གནོད་འཚེ་བཟོ་བ་སོགས་ཀྱི་དྲིལ་བསྒྲགས་དཔྱད་གཞི་སྤྲད་དེ་ས་གནས་ས་ཐོག་ཏུ་ཐ་མག་འཐེན་མཁན་མང་ཚོགས་ལ་ཁ་ཏ་བསླབ་བྱ་ཧུར་ཐག་བྱས་པ་རེད། དོན་དངོས་ཀྱི་དཔེ་མཚོན་ལ་བརྟེན་ནས་རྡོ་ཐ་དང་དེ་བཞིན་གློག་རྡུལ་ཐ་མག་གི་གནོད་འཚེའི་ཤེས་བྱ་ཟུང་འབྲེལ་ཐོག་ནས་སློབ་མ་ཚོར་སྲོལ་རྒྱུན་གྱི་རྡོ་ཐའི་ཐོན་རྫས་དང་གློག་རྡུལ་ཐ་མག་གནོད་འཚེ་ཁྱབ་གདལ་གཏོང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཐ་མག་གི་གནོད་འཚེའི་དྲིལ་བསྒྲགས་དཔྱད་ཡིག་2000ལྷག་ཙམ་སྤྲད་པ་དང་། བདེ་ཐང་སློབ་གསོའི་དྲིལ་བསྒྲགས་དཔྱད་གཞི་100ལྷག་ཙམ་དང་ས་གནས་ས་ཐོག་ཏུ་མི་ཐེངས་100ལྷག་ཙམ་ལ་འགྲེལ་བཤད་བརྒྱབ་ཡོད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་གྲོང་མི་མང་ཚོགས་ཀྱི་ཐ་མག་ཚོད་འཛིན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། གྲོང་མི་མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་ཡང་མཐོ་རུ་ཕྱིན་པ་མ་ཟད་ད་དུང་། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རིམ་བཞིན་ཆགས་པར་སྐུལ་ལྕག་ཐོབ་པ། སློབ་མ་ཚོས་གློག་རྡུལ་ཐ་མག་ལ་ངོས་འཛིན་གསར་པ་བྱུང་ནས་ཚན་པ་ཁག་གིས་ཀྱང་ཐ་མག་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།