ཁ་རུབ་གནའ་རྫས་རྟོག་ཞིབ་བྱས་ཏེ་ལོ་བཞི་བཅུ་འཁོར་བའི་རྗེས་དྲན།

གསར་འགྱུར་སྤེལ་དུས།  【2020-06-02 10:50:00】

↑གནའ་ཤུལ་སྔོག་འདོན་དཔྱད་ཡིག

↑རྡོ་ཁང་གི་རྗེས་ཤུལ།

↑ ཁ་རུབ་གནའ་ཤུལ་སྔོག་འདོན་ཐེངས་གཉིས་པའི་ལས་གྲྭ་འགོ་ཚུགས་པའི་མཛད་སྒོ སྔོག་འདོན་དུ་ཞུགས་པའི་ཆེད་མཁས་པ་དང་ཆབ་མདོ་ས་ཁུལ་གྱི་ཏང་སྲིད་དམག་གི་འགོ་ཁྲིད་དག་མཛད་སྒོར་ཞུགས།

↑རྫ་ཁོག་གཟུགས་གཉིས་མ་བོད་ལྗོངས་རྟེན་རྫས་ཁང་གི་རིག་དངོས་ཆེས་རྩ་ཆེ་ཤོས་རེད།

ཁ་རུབ་གནའ་ཤུལ་ནི་ཆབ་མདོའི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ12མཚམས་སུ་ཡོད་པ་དང་། ཤར་ཕྱོགས་ནི་རྫ་ཆུ་དང་ལྷོ་ཕྱོགས་ནི་ཁ་རུབ་ཆུ་བོ་རེད།

ཁ་རུབ་གནའ་ཤུལ་དེ1996ལོར་རྒྱལ་ཡོངས་རིག་དངོས་སྲུང་སྐྱོང་གི་གཙོ་གནད་ལས་ཁུངས་སུ་ཁྱབ་སྒྲོག་བྱས།

      བོད་ལྗོངས་ཆབ་མདོའི་ཁ་རུབ་ཞེས་འབོད་པའི་ས་ཆ་ཞིག་ཏུ། གནའ་རྫས་རྟོག་ཞིབ་པ་སྐོར་ཞིག་གིས་སྔོག་རྙེད་བྱུང་བའི་“ཁ་རུབ་གནའ་ཤུལ་“དེ་རྒྱལ་ཁབ་ཕྱི་ནང་ཀུན་དུ་སྐད་གྲགས་རྒྱས།

ཁོང་ཚོ་ནི་རིན་ཆེན། ཨའོ་ཁྲའོ་ཀོས། བསོད་ནམས་དབང་འདུས། ཀྲང་ཝུན་ཧྲེན། ཀུན་འདུས། དབང་འདུས་ཆུང་བ། ཁྲིན་ཞན་ཧྲོང་། ཀྲང་ཚེ་ཅོན། ཧོང་ཅིན་ལེ། ལིའི་ཕུང་ཞུ། ཧྲི་ཞིང་པང་། ཐོང་ཨེན་ཀྲེང་། འཇམ་དབྱངས། ཧོའུ་ཧྲི་ཀྲེང་། ལེང་ཅན། ཏིང་ཁི་ཕིང་། ལིས་ཧུང་། རན་ཀོང་ཡུས། ཝང་ཏུང་ཡོན། ཆིའུ་ཞོན་ཁྲོང་བཅས་དང་། ད་དུང་སི་ཁྲོན་སློབ་ཆེན་གྱི་77ལོའི་གནའ་རྫས་རྟོག་ཞིབ་ཆེད་ལས་ཀྱི་སློབ་མ་12དང་། བོད་ལྗོངས་རིག་དངོས་དོ་དམ་ཨུ་ལྷན་རྒྱབ་ཕྱོགས་འགན་སྲུང་མི་སྣ་དང་ད་གནས་དེའི་རྒྱ་བོད་བཟོ་བ། ཆབ་མདོ་ཨར་འདམ་བཟོ་གྲྭ། ལྕགས་ཁ་ཁུལ། ཁ་རུབ་གྲོང་ཚོ། ཆབ་མདོའི་གྲོ་འཐག་བཟོ་གྲྭའི་མི་སྣ་བཅས་སོ། །

དུས་རབས་དེའི་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་པ་སྐོར་ཞིག དངུལ་ནི་མེད། ཡོད་པ་ནི་ཕུགས་བསམ་རྐྱང་པའོ།།

རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་རྒྱས་པའི་”ཁ་རུབ་གནའ་ཤུལ།“

ཁ་རུབ་གནའ་ཤུལ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་རྡལ་གྱི་ཤར་ལྷོའི་མཚམས་སུ་ཧ་ལམ་སྤྱི་ལེ་12ཡོད་པའི་ཟུར་གསུམ་དབྱིངས་ཀྱི་ས་སྒང་ཞིག་ཏུ་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3100ཟིན་ཞིང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི་1ཙམ་ཡོད། ཤར་ཕྱོགས་སུ་རྫ་ཆུ་དང་ཁྲོན་བོད་གཞུང་ལམ་ཡོད་པ་དང་། བྱང་ཕྱོགས་སུ་ཁ་རུབ་གྲོང་ཚོ་ཡོད། ལྷོ་ཕྱོགས་སུ་ཁ་རུབ་ཏུ་འབོད་པའི་ཆུ་བོ་ཆུང་ཆུང་ཞིག་ཤར་ཕྱོགས་སུ་བཞུར་ནས་རྫ་ཆུ་རུ་འབབ། ད་ལྟའི་བར་ལོ་ངོ་5000ནས་4000ཡོད་པའི་རྡོ་ཆས་གསར་མའི་འདུས་སྡོད་གནའ་ཤུལ་ཞིག་ཡིན།

ཁ་རུབ་གནའ་ཤུལ་དེ་1977ལོར་རྙེད་པ་དང་། 1978ལོར་ཚོད་ལྟའི་འཚོལ་སྔོག་བྱས། 1979ལོར་དངོས་སུ་འཚོལ་སྔོག་བྱས། འཚོལ་སྔོག་ཐེངས་གཉིས་ཀྱི་སྤྱིའི་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ་1800ཟིན། གནའ་ཤུལ་དང་རིག་དངོས་ཕུན་སུམ་ཚོགས་པ་ཕྱིར་ཐོན་པ་དང་གནའ་ཤུལ་དུ་སྡོད་ཁང་དང་འགྲོ་ལམ། རྩིག་པ་སོགས་ཡོད།

སྔ་དུས་ཀྱི་ཁང་པ་དག་ནི་རྩྭ་འདམ་གྱིས་བསྐྲུན་ཞིང་ཁང་ཕྱེད་ས་འོག་ཏུ་བརྐོས་པའི་རྣམ་པའམ་ཡང་ན་ས་ངོས་སུ་ཐོན་པ་རྐྱང་ཡིན་པ་དང་། ཕྱི་དུས་རྡོ་ཁང་ཡིན། ད་དུང་བརྩེགས་རིམ་གཉིས་ཅན་གྱི་ཐོག་ཁང་ཡང་རྙེད། འཚོལ་སྔོག་བྱུང་བའི་རིག་དངོས་དག་གི་ཁྲོད་དུ་རྡོ་ཆས་དང་རུས་ཆས། རྫ་ཆས། རྒྱན་ཆ་སོགས་ཡོད། རྡོ་ཆས་དག་གི་ཁྲོད་དུ་རྡོ་ཆེ་གྲས་ཀྱི་བཟོ་བྱེད་རྡོ་ཆས་ཡོད་ལ། རྡོ་ཕྲ་མི་དང་རྡོ་བརྡར་ནས་གྲུབ་པའི་རྡོ་ཆས་ཀྱང་ཡོད། ད་དུང་མིས་འདེབས་འཛུགས་བྱས་པའི་འབྲས་ཐཱན་འགྱུར་དངོས་པོ་དང་མིས་ཁྱིམ་དུ་གསོས་པའི་ཕག་གི་རུས་པ་དང་དེ་བཞིན་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་རུས་པ་ཡང་ཡོད། ཐུན་མོང་མ་ཡིན་པའི་རིགས་གནས་ལྡན་པས་ཁ་རུབ་རིག་གནས་ཞེས་མིང་བཏགས་པ་རེད། དེ་ནི་བོད་ལྗོངས་སུ་ཐོག་མ་མར་ཚན་རིག་དང་མཐུན་པའི་གནའ་རྫས་དཔྱད་ཞིབ་འཚོལ་སྔོག་དང་བོད་ལྗོངས་སས་ཁུལ་གྱི་སྔ་དུས་ཀྱི་གདོད་མའི་རིག་གནས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་1996ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱང་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཁོངས་སུ་བདམས་པ་རེད།

ཁ་རུབ་གནའ་ཤུལ་དུ་ཏག་ཏག་ཆབ་མདོ་ཨར་འདམ་བཟོ་གྲྭ་ཆགས། གལ་ཏེ་1977ལོར་ཨར་འདམ་བཟོ་གྲྭའི་བཟོ་པས་མ་བསྐུལ་དང་བླངས་ཀྱིས་ཡར་ཞུ་དང་གནའ་རྫས་རྟོག་ཞིབ་པ་ཐོན་མེད་ཚེ། འདི་དག་ཡོད་ཚད་བྱུང་མེད་པ་ཤ་སྟག་རེད།

ཁ་རུབ་གནའ་ཤུལ་སུ་ཞིག་གིས་རྙེད་པ་རེད།

ནོར་བུ་གླིང་ཁའི་རིག་དངོས་དོ་དམ་ཨུ་ལྷན་གྱི་ལས་སྒོ་ཚན་པའི་གཞུང་ལས་ཁང་དུ་མི་ཚོགས་ཀྱིས་ཁེངས། ཅོག་ཙེའི་སྟེང་དུ་ཆབ་མདོ་ནས་ཁྱེར་ཡོང་མ་ཐག་པའི་དམར་དཔེ་བསྒྲིགས་ཡོད། རྡོ་ཆས་དང་རྫ་ལེབ། རུས་ཆས། ད་དུང་”སོ་ཕག་དམར་པོ་“བཅས།

རིན་ཆེན་དང་ཨའོ་ཁྲའོ་ཀོས། བསོད་ནམས་དབང་འདུས་བཅས་ཀྱིས་ཐོག་མར་རྙེད་པའི་གནས་ཚུལ་ངོ་སྤྲོད་བྱས།

1977ལོའི་ཟླ་4པར། བོད་ལྗོངས་རིག་དངོས་དོ་དམ་ཨུ་ལྷན་གྱིས་”རིག་དངོས་བསྡུ་རུབ་ཚོགས་ཆུང་“ཞིག་ཆབ་མདོར་མངགས་ནས་གསར་བརྗེའི་རིག་དངོས་འཚོལ་སྡུད་བྱས། ས་ཁུལ་རིག་གནས་ཅུས་ཀྱིས་བཀོད་སྒྲིག་བྱས་པའི་མགྲོན་ཁང་དུ་བསྡད།

ཆབ་མདོ་གྲོང་རྡལ་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ་12པའི་རྫ་ཆུའི་ངོགས་ཀྱི་ཨར་འདམ་བཟོ་གྲྭ་ཞིག་ཏུ། བཟོ་གྲྭ་རྒྱས་བསྐྲུན་བྱེད་དུས་རྩིག་རྨང་རྐོ་ས་རུ་དངོས་པོ་འགའ་རྙེད། བལྟས་པ་ཙམ་གྱིས་ད་ལྟའི་མིས་སྤྱོད་དངོས་མ་ཡིན་པ་དང་། དེའི་ནང་ད་དུང་ཁ་ཤས་གཡང་ཊིས་བཟོས་པ་ནི་ཧ་ཅང་ཞིབ་ཚགས་པ་རེད། ཉིན་ཞིག་གི་དགོང་མོར། ཨར་འདམ་བཟོ་གྲྭར་《རིག་གནས་གསར་བརྗེ་ཆེན་པོའི་རིང་ས་འོག་ནས་འཚོལ་སྔོག་བྱས་པའི་རིག་དངོས་》ཞེས་པའི་གློག་བརྙན་བསྟན། གློག་བརྙན་ནང་གི་གནའ་རྫས་ཁ་ཤས་ཨར་འདམ་བཟོ་གྲྭའི་ས་འོག་ནས་ཐོན་པའི་དངོས་པོ་དང་ཤིན་ཏུ་འདྲ་བས་བཟོ་པ་རྣམས་ཀྱིས་དོ་སྣང་བྱུང་། ཕྱི་ཉིན་ནི་གཟའ་ཉི་མ་ཡིན་པས་བཟོ་གྲྭའི་རླངས་འཁོར་ཆབ་མདོར་དངོས་ཟོག་དབོར་དུ་འགྲོ་དགོས། དོ་སྣང་བྱེད་མཁན་བཟོ་པ་ཁ་ཤས་ཀྱིས་ས་འོག་ནས་ཐོན་པའི་དངོས་པོ་བསྣམས་ནས་རླངས་འཁོར་ལ་བསྡད་དེ་ཆབ་མདོ་ས་ཁུལ་རིག་གནས་ཅུས་སུ་སོང་།

རིན་ཆེན་དང་ཨའོ་ཁྲའོ་ཀོས། བསོད་ནམས་དབང་འདུས་ཀྱིས་ཨར་འདམ་བཟོ་གྲྭའི་བཟའ་པས་ཁྱེར་ཡོང་བའི་དངོས་པོར་བལྟས་པ་དང་། ཡང་ས་འོག་ནས་ཐོན་པའི་གནས་ཚུལ་ཞིབ་ཕྲ་དྲིས་ཁོ་ཚོའི་རང་གི་ཤེས་བྱ་ལ་གཞིགས་ནས་རྡོ་ཆས་གསར་མའི་གནའ་ཤུལ་ཞིག་ཡིན་པ་ཐག་བཅད། ཉིན་གཉིས་པའི་ཞོགས་པར། རིན་ཆེན་སོགས་མི་གསུམ་གྱིས་ལག་གི་ལས་ཀ་བཞག་སྟེ་ཨར་འདམ་བཟོ་གྲྭའི་བཟོ་བསྐྲུན་ལས་ཡུལ་དུ་ཕྱིན། ཁོ་ཚོའི་ས་གནས་ཤིག་ཆེད་དུ་བདམས་ཏེ་ཞེང་ཚད་ལ་སྨི་1དང་དཀྱུས་ལ་སྨི་5ཡོད་པའི་”ཚོད་སྔོག་“ཁུང་བུ་ཞིག་བརྐོས། ཡང་གནའ་རྫས་ཁ་ཤས་ཕྱིར་ཐོན།

ཁོ་ཚོ་མི་གསུམ་གྱིས་ངོ་སྤྲོད་བྱས་པ་ཁ་གསལ་ལ་ཚས་ཧ་ཅང་གཟབ་ནན་གྱིས་ཉན། བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱིས་ཐོག་མར་གསར་རྙེད་བྱུང་བའི་གནའ་ཤུལ་གལ་ཆེན་ཞིག་མི་འགྱངས་པར་ཧ་ལམ་ཕྱིར་ཐོན་སྲིད་པར་ཚང་མས་བསམ་བློ་འཁོར་བཞིན་ཡོད། སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་བྱས་རྗེས་རིག་དངོས་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་དུས་ཐོག་ཏུ་ལེང་ཅན་གྱིས་སྙན་ཞུ་བྲིས་ཏེ། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་རིག་དངོས་ཅུས་ལ་ཁ་རུབ་གནའ་རྫས་རྟོག་ཞིབ་འཚོལ་སྔོག་ཆོག་མཆན་གནང་བར་སྙན་སེང་འབུལ་རྒྱུ་ཐག་བཅད།

1978ལོའི་ཚོད་ལྟའི་འཚོལ་སྔོག

1978ལོའི་ཟླ་5པ་ནས་9པའི་བར། བོད་ལྗོངས་ཀྱིས་རུ་ཁག་བཙུགས་ནས་ཁ་རུབ་གནའ་ཤུལ་དུ་ཚོད་ལྟའི་འཚོལ་སྔོག་བྱས། འཚོལ་སྔོག་མཇུག་སྒྲིལ་ལ་ཉེ་སྐབས་སུ། ངས་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཧོང་ཅིན་ལེ་ལ་ཕེབས་རོགས་བྱས་ཏེ་མཐའ་མའི་འཚོལ་སྔོག་གི་ལས་ཀར་ཞུགས།

(མུ་འགོད)