ཅང་ཅེས་ཆབ་མདོར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གནང་བ།

གསར་འགྱུར་སྤེལ་དུས།  【2020-06-05 11:20:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་27ནས་29ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དང་ཁ་རུབ་ཆུས་སུ་ཕེབས་ཏེ། དབུལ་སྒྲོལ་འགག་སྒྲོལ་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གནང་བ་མ་ཟད་དུད་ཚང་དབུལ་པོར་འཚམས་འདྲི་ཡང་གནང་བ་རེད།

ཅང་ཅེས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་རྟེན་གཞི་འཛུགས་སྐྲུན་དང་། ཐོན་སྐྱེད་གཉེར་སྐྱོང་། དུད་ཚང་དབུལ་པོར་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་དང་། ཚོང་དུད་ཁག་ཏུ་ཕེབས་ཏེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་མཁྱེན་རྟོགས། མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ཏེ་ལས་ཞུགས་དང་། ཡོང་འབབ། དེ་བཞིན་ཡིག་ཚགས་དང་གཱ་བཟོས་པའི་ཆ་འཕྲིན་ཐོ་འགོད་སོགས་ཀྱི་གནས་ཚུལ་འདྲི་རྩད་བཅས་གནང་བ་རེད། ཁོང་གིས་བསྟན་དོན། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུར་དམིགས་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། འགན་འཁྲི་ནན་དུ་གཏོང་བ། བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ལས་འགན་གཙང་སྒྲུབ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་དགོས། མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་རྒྱུན་རྣམ་ཅན་དུ་གྱུར་ཡོད་པས་སྒྱིད་ལུག་གི་བསམ་པ་ཁྱད་བསད་ཀྱིས་འགན་འཁྲི་ནན་དུ་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཐའ་ཚད་བརྟན་སྲུང་གིས་བོད་ཤར་རྒྱུད་ཀྱི་རྒྱལ་སྒོ་ཆེ་མོ་བརྟན་སྲུང་བྱེད་དགོས།