དཔག་བསམ་ལྗོན་ཤིང་བཏབ། འཚོ་བར་རེ་བས་ཁེངས།

—— སྟེང་ཆེན་རྫོང་རོང་ཐང་གྲོང་ཚོའི་སྡོང་ཕྲུག་འདེབས་འཛུགས་རྟེན་གཞིའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2020-06-05 11:35:00】

 

                             འདི་ནི་ལག་རྩལ་པས་སྡོང་ཕྲུག་ལ་ཆུ་གཏོར་བཞིན་པ།

      ཞོགས་པ་སྔ་པོ་ནས་སྟེང་ཆེན་རྫོང་རོང་ཐང་གྲོང་ཚོའི་སྡོང་ཕྲུག་འདེབས་འཛུགས་རྟེན་གཞིར་ལག་རྩལ་པ་བསོད་ནམས་མཚོ་མོ་དང་གྲོང་མི་6གིས་ཆུའི་སྦུ་གུ་རིང་པོར་བརྟེན་ནས་སྡོང་ཕྲུག་རེ་རེ་བཞིན་ཆུ་གཏོང་བཞིན་མཆིས་པས་དབེན་འཇམ་གྱི་ལུང་ཤུར་དེ་རེ་ཞིག་ཆུ་སྒྲས་ཁེངས།

“སྔོན་ཆད་དུས་མཚམས་འདིར་ང་ཚོས་ནས་འདེབས་ཀྱི་ཡོད། ན་ནིང་གི་ཟླ་4པར་མུའུ་500ཙམ་ཡོད་པའི་ས་ཆ་དེར་སྡོང་ཕྲུག་བཏབ་པ་ཡིན”ཞེས་བསོད་ནམས་མཚོ་མོས་བརྗོད་པ་དང་། ཁོང་གིས་སྡོང་ཕྲུག་འདེབས་འཛུགས་བྱེད་པ་ནི་དཔག་བསམ་ལྗོན་ཤིང་འདེབས་པ་དང་གཉིས་སུ་མ་མཆིས་པས་གྲོང་ཚོ་ཡོངས་ཀྱི་གྲོང་མིས་དེར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད།

2018ལོར་རོང་ཐང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ས་བབ་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་སྤྱི་ཡོངས་ལ་བསམ་བློ་བཏང་རྗེས། སྟེང་ཆེན་རྫོང་ལ་སྡོང་ཕྲུག་འདེབས་འཛུགས་རྟེན་གཞི་འཕེལ་རྒྱས་གཏོང་རྒྱུའི་གྲོས་འགོ་གོང་འབུལ་བྱས། རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཚེ་མཆོག་གིས་གསར་འགོད་པར“སྡོང་ཕྲུག་རྟེན་གཞི་འཕེལ་རྒྱས་བཏང་ཚེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཉིས་འབྲེལ་མཐུད་ནུས་ལྡན་ཐུབ་ནས་མང་ཚོགས་ཚོར་ཡུན་རིང་འབབ་འཕར་ཡོང་ཐུབ”ཅེས་བརྗོད།

གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། རོང་ཐང་གྲོང་ཚོའི་སྡོང་ཕྲུག་འདེབས་འཛུགས་རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་2000བཏང་སྟེ“ཀུང་སི+རྟེན་གཞི+ཞིང་དུད”ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་ཡོད། འོས་སྐུལ་འོས་དཔོད་ཡོངས་བསྒྲགས་བྱས་པ་བརྒྱུད་སྨར་ཁམས་རྫོང་གི་ཤིན་ཤིན་སྡོང་ཕྲུག་འདེབས་འཛུགས་ཀུང་སིར་འོས་ཐོབ་ནས་ལག་རྩལ་གྱི་རྒྱབ་སྐྱོར་དང་སྡོང་ཕྲུག་བྲིན་ཚོང་ལས་དོན་གྱི་འགན་ཁུར་ཡོད། གན་རྒྱའི་ནང་སྡོང་ཕྲུག་འདེབས་འཛུགས་རྟེན་གཞི་ཀུང་སིས་གཉེར་སྐྱོང་དོ་དམ་ལོ་3བྱེད་པ་དང་། ལོ་3སོང་རྗེས་སྡོང་ཕྲུག་གསོན་ཚད་90%ལྷག་ཙམ་ཟིན་སྐབས་རོང་ཐང་གྲོང་ཚོའི་ཞིང་འབྲོག་པའི་ཧྲེང་ཅེ་འདེབས་འཛུགས་ལས་རིགས་མཉམ་ལས་ཁང་གིས་གཉེར་སྐྱོང་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

2018ལོའི་ལོ་མཇུག་ཏུ་རོང་ཐང་གྲོང་ཚོའི་སྡོང་ཕྲུག་འདེབས་འཛུགས་རྟེན་གཞི་སྐྲུན་འགོ་ཚུགས་ཤིང་། ཞིང་དུད་93གྱིས་མུའུ་རེར་ལོ་རེར་བོགས་རིན་སྒོར་1000གི་ཐོག་ནས་ས་ཞིང་མུའུ་500བོགས་མར་བཏང་བ་མ་ཟད། རྣམ་གྲངས་ལག་བསྟར་བྱེད་རིང་དུད་ཚང་དབུལ་པོའི་མི་ཐེངས་880དེའི་ནང་ལས་མིར་བསྡུས་ནས་ཐོན་ལས་ཀྱིས་ཐད་ཀར་མི་280ལ་ཕན་པ་ཐོབ་ཡོད།

སྡོང་ཕྲུག་ལ་ཆུ་གཏོང་བའི་ལས་ལ་བྲེལ་བཞིན་པའི་བསྟན་སྒྲོན་དབྱངས་སྐྱིད་ནི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན་ཞིང་། ཁོང་གིས“ངའི་ཁྱིམ་གྱིས་ས་ཞིང་མུའུ་7.5བོགས་མར་བཏང་བར་བོགས་དངུལ་སྒོར་ཁྲི་1.5ལེན་རྒྱུ་ཡོད་ལ། རྟེན་གཞིར་ཉིན་གཅིག་གླ་པར་སོང་ཚེ་གླ་ཆ་སྒོར་160ལེན་རྒྱུ་ཡོད”ཅེས་བརྗོད།

ཤིང་ཤིང་སྡོང་ཕྲུག་འདེབས་འཛུགས་ཀུང་སིའི་ལག་རྩལ་པས་བརྒྱུད་རིམ་ཧྲིལ་པོའི་མཛུབ་ཁྲིད་དང་རོང་ཐང་གྲོང་ཚོའི་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་བརྒྱུད། 2019ལོའི་ཟླ་6པ་བར་སྡོང་ཕྲུག་རྟེན་གཞིས་ཐང་ཤིང་དང་། ཆབ་མདོའི་སྦྱར་སྡོང་། རྒྱ་ལྕང་སོགས་སྣ་ཁ་4ཡི་སྡོང་ཕྲུག་ཁྱོན་བསྡོམས་ཁྲི་97བཏབ་པ་རེད།

སྡོང་ཕྲུག་འདེབས་འཛུགས་རྟེན་གཞིའི་གོམ་སྟབས་རྗེས་མའི་འཆར་འགོད་སྐོར་གླེང་སྐབས། རོང་ཐང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་འདེམས་གཏོང་བྱས་པའི་འཕྲིན་ལས་ཆོས་སྒྲོན་གྱིས་གདེང་ཚོད་ཡོད་པའི་སྒོ་ནས“ལོ་3རིང་སློབ་སྦྱོང་བྱས་ནས་ལག་རྩལ་དང་། གཉེར་སྐྱོང་བྱེད་སྟངས། དོ་དམ་ཉམས་མྱོང་བཅས་ཁོང་དུ་ཆུད་རྗེས་ང་ཚོས་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྔར་བས་ཆེ་རུ་བཏང་སྟེ་ཞིང་པའི་ས་ཞིང་མ་རྐང་ནང་ཞུགས་པའི་ཐབས་ལ་བརྟེན་ནས་གཉེར་སྐྱོང་བྱེད་པ་དང་། ལྗོངས་ཡོངས་ལ་ཕྱོགས་ནས་སྡོང་ཕྲུག་བྲིན་ཚོང་བྱེད་པ་དང་འབྲེལ། ལས་མིར་སྐྱོད་པ་དང་ཁེ་སྤོགས་བགོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ལ་འབབ་འཕར་གཏོད་རྒྱུ་ཡིན”ཞེས་བརྗོད།