ཆབ་མདོ་གྲོང་ཁྱེར་གྱི་ན་ནིང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་གྲངས་བརྒྱ་ཆའི་100ཟིན་པ།

གསར་འགྱུར་སྤེལ་དུས།  【2020-06-05 11:40:00】

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “6·5འཛམ་གླིང་ཁོར་ཡུག་ཉིན་མོ”འཆར་ཉེར་ཡོད་པའི་སྐབས་སུ། ཚེས་4ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“ཆབ་མདོ་གྲོང་ཁྱེར་གྱི་2019ལོའི་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ་རེད། གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་གཞོན་པ་བྱམས་པ་རྣམ་རྒྱལ་གྱིས་2019ལོའི་གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལེན་བསྐྱོན་པ་རེད།

གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 2019ལོར་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་དམིགས་ཚད་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་མུ་མཐུད་ལེགས་སུ་ཕྱིན་ནས་མང་ཚོགས་ཀྱིས་སྣོད་བཅུད་ཁོར་ཡུག་ལ་བློ་ཡིད་ཚིམ་ཚད་ཅུང་མཐོ་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ཀྱི་ཐད་ལ། 2019ལོར། 《ཕྱོགས་ཡོངས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》དང《དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་ཞིབ་ཆའི་ཇུས་གཞི》《ཆབ་མདོ་གྲོང་ཁྱེར་གྱི“འགྱིག་གི་སྦགས་བཙོག་བཅོས་སྐྱོང་བྱེད་པའི”འགག་སྒྲོལ་དམག་འཐབ་ཀྱི་ལག་བསྟར་ཇུས་གཞི》སོགས་ཀྱི་ཇུས་གཞི་གྲོང་ཁྱེར་སྲིད་གཞུང་གིས་པར་འགྲེམས་བྱས་པ་རེད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་སྟོན་གྲངས་ཀྱི་ནུས་ལྡན་ལྟ་ཞིབ་ཚད་ལེན་ཉིན་337ནང་མཁའ་རླུང་སྤུས་ཚད་རིམ་པ་ འབྲིང་ལྕི་ཚད་དང་དེ་བཞིན་སྦགས་བཙོག་ཚབས་ཆེན་བཟོས་མེད་པ། གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་100%ཟིན་གྱི་ཡོད་པ་རེད།

ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ཐད་ལ། 《2019ལོའི་རྒྱལ་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གནས་ཚུལ་དཔྱད་དཔོག་དང་རྨང་གཞིའི་ཆ་འཕྲིན་བརྟག་དཔྱད་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་། རང་གྲོང་ཁྱེར་གྱི་ས་ཁུལ་རིམ་པ་དང་རྫོང་རིམ་པའི་ཆུ་འགོའི་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུ་དང་ལྟ་ཞིབ་ཚད་ལེན་ལས་དོན་ལེགས་སྒྲུབ་བྱ་རྒྱུ་རེད། མིག་སྔར་ཆབ་མདོའི་གཙང་གསུམ་ཆུ་སྤུས་ལེགས་ཡིན་པ། འཐུང་ཆུའི་ཆུ་འགོའི་ཁུལ་14ཡི་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་ཁག་ཚང་མ་དམིགས་ཚད་དུ་སླེབས་པ་དང་ཚད་གཞི་ལོན་པའི་ཆུ་འགོའི་བསྡུར་ཚད་100%ཟིན་ཡོད་པ་རེད།

ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་ཐད་ལ། སྨན་བཅོས་ཟོག་རོ་གཙང་བཅོས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྫོང(ཆུས)ཁག་ལ《ནད་ལུགས་རང་བཞིན་གྱི་ཟོག་རོ་གཙང་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་གྲོང་ཁྱེར་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་སོགས་སྨན་ཁང་6གི་སྨན་ཁང་གི་ཉེན་ཆེའི་སྨན་བཅོས་ཟོག་རོ་འདུན་ཞུ་ཐོ་འགོད་ལས་དོན་ལེགས་སྒྲུབ་བྱས་པ་དང་མིག་སྔར་ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་ཟོག་རོ་བསྡུ་འདྲེན་ཁྱོན་ཡོངས་ལ་ཁྱབ་པ་དང་2019ལོར་རིམ་རྩིས་བྱས་ན་སྨན་བཅོས་གད་སྙིགས་ཏུན་170ལྷག་ཙམ་བསྡུ་རུབ་དང་ཐག་གཅོད་བྱེད་ཡོད། ཉེན་ཆེའི་ཟོག་རོ་གྲལ་བཤེར་དང་བསྡོམས་རྩིས་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་གྱི་དུས་ཚོད་ཡོལ་བའི་སྨན་རྫས་དང་། ཞིང་སྨན། རྫས་འགྱུར་ཚོད་ལྟ་བཅས་ལ་མཐིལ་རྟོགས་གྲལ་བཤེར་བྱས་པ་རེད།