ཆབ་མདོ་གྲོང་ཁྱེར་གྱིས་བསྡོམས་པས་ཐོན་ལས་དབུལ་སྐྱོར་རྣམ་གྲངས789ལག་བསྟར་བྱས་པ།

གསར་འགྱུར་སྤེལ་དུས།  【2020-06-09 11:30:00】

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཆབ་མདོར་བཅིངས་འགྲོལ་བཏང་ཚུན་གྱི་ལོ་ངོ70ཡི་ནང་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཐད་ཐོབ་པའི་གྲུབ་འབྲས་ཀྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་མ་ཟད་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཝེ་ཆང་གིས་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་བསྡོམས་པས་ཁྱིམ་ཚང་ཁྲི3.84ཡི་དབུལ་ཕོངས་མང་ཚོགས་ཁྲི19.46ཇེ་ཉུང་དུ་བཏང་བ་དང་། དབུལ་ཕོངས་གྲོང་ཚོ1127ཕྱིར་འཐེན་བྱས་ཏེ། 2019ལོའི་ལོ་མཇུག་བར་དུས་ལྟར་རྫོང(ཆུས)11གི་དབུལ་ནག་ཕལ་ཆེར་མེད་པར་བཟོས་པ་རེད།

“མེད་པ་བཞི”ཡི་བྱ་བའི་བླང་བྱ་ལྟར། ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གིས《དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལག་བསྟར་ཇུས་གཞི》ཞིབ་འཇུག་གཏན་འབེབས་བྱས་ཏེ། “དགུ་བདུན་བདུན”གྱི་བྱ་བའི་བསམ་ཕྱོགས་བཏོན་པ་རེད། གྲོང་ཚོ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ལ་དམིགས་ནས་དངུལ་གཏོང་ཇེ་མང་དུ་བཏང་བ་དང་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་། 2020ལོར་མ་དངུལ་སྒོར་དུང་ཕྱུར38.32བཏང་ནས་ཐོན་ལས་དབུལ་སྐྱོར་དང་། གྲོང་ཚོའི་གཞུང་ལམ། འཐུང་ཆུའི་བདེ་འཇགས་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱོད་རྒྱུ་ཡིན་པ་དང་། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས་བྱས་ཏེ། དབུལ་ཐར་སྤུས་ཚད་ཇེ་མཐོར་བཏང་།

“མིག་སྔར་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོའི་འཐུང་ཆུའི་བདེ་འཇགས་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཡོད་ཅིང་། རང་འབབ་ཆུ་ཁྱབ་ཚད93%ལ་སླེབས་པ་དང་། གྲོང་ཚོ་རུ་གཅིག་བསྡུས་ཀྱིས་ཆུ་མཁོ་འདོན་བྱེད་ཚད99.5%ལ་སླེབས་ནས། ཆུ་མཁོ་འདོན་འགན་སྲུང་བྱེད་ཚད95%ལ་སླེབས། ང་ཚོས་གྲོང་ཁྱེར་ཡོངས་ཀྱི་ཞིང་ཁྱིམ་ཚང་མའི་ཁང་བར་གསལ་འབྱེད་བྱས་པ་དང་ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་ཀྱི་ཆ་རྐྱེན་དང་མཐུན་པའི་སྡོད་ཁང་ཁྲི1.14ལ་བསྒྱུར་བཀོད་བྱས་ཡོད། ཚད་ལྡན་ཅན་གྱི་ཤང་གྲོང་འཕྲོད་བསྟེན་ཁང98བསྐྲུན་ཡོད། སྲིད་འཛིན་གྲོང་ཚོ་1119ཚང་མར‘གྲོང་ཚོ་རེར་འཕྲོད་བསྟེན་ཁང་རེ་དང་སྨན་པ་གཉིས’ཀྱི་བླང་བྱ་ལྟར་སྒྲིག་ཆས་ཁ་ཚང་བཀོད་སྒྲིག་བྱས་ཡོད་དེ། མང་ཚོགས་ལ་སྨན་བཅོས་ཞབས་ཞུའི་འགན་སྲུང་སྔར་ལས་ལེགས་པ་ལོངས་སུ་སྤྱོད་ཐུབ།” ཅེས་ཝེ་ཆང་གིས་དེ་ལྟར་བཤད། ཐོན་ལས་རྣམ་གྲངས་ཀྱི་ལས་ཐོན་བསྐྱར་ཚུགས་བྱ་བ་དམ་འཛིན་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་བསྡོམས་པས་ཐོན་ལས་དབུལ་སྐྱོར་རྣམ་གྲངས789ལག་བསྟར་བྱས་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ100835ཡི་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་ཁྲིད་བྱས།

དེ་མིན། ཆབ་མདོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས“མཐོར་འདེགས་རྣམ་གྲངས་བཅུ”ཡི་ལས་གཞི་ལག་བསྟར་བྱས་ཏེ། གྲོང་ཚོའི་གློག་དྲ385འཛུགས་སྐྲུན་བྱས་པ་དང་། མི་ཁྲི51.8ཡི་གློག་སྤྱོད་གནད་དོན་ཐག་གཅོད་དང་ལེགས་བཅོས་བྱས། གཞུང་ལམ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ཏེ། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱིས་ཤང་གྲོང129ཡིས་ཁྲོད་ཤང་གྲོང120ལ་གཞུང་ལམ་ཤར་གཏོང་བྱས་པ་དང་། ཤར་གཏོང་བྱེད་ཚད93%ལ་སླེབས། སྲིད་འཛིན་གྲོང་ཚོ1083ཁྲོད་གྲོང་ཚོ680ལ་གཞུང་ལམ་ཤར་གཏོང་མངོན་འགྱུར་བྱས་ཏེ། ཤར་གཏོང་བྱེད་ཚད62.8%ལ་སླེབས་པ་དང་། ཤར་རྒྱུག་བྱེད་ཚད100%ལ་སླེབས་ཡོད་པ་རེད