སྡོད་ཁང་ཡོད་ལ་ལས་ཀ་ཡང་ཡོད་པས་བདེ་ཞིང་སྐྱིད།

—— ཡུལ་དངོས་ནས་ཆབ་མདོ་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་སྐོར་རྒྱུས་ལོན་བྱས་པ།

གསར་འགྱུར་སྤེལ་དུས།  【2020-06-12 15:55:00】

དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་བརྒྱབ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཆབ་མདོའི་དོན་དངོས་ལ་གཞི་ཚུགས་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི“ལས་གྲྭ་ཨང་དང་པོར”བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། “གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་པ་བཅས་བྱས་ཐོག ཡུལ་བབ་དང་བསྟུན་ནས་གནས་སྤོ་བྱེད་སྟངས་བདམས་ཏེ། སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་བཀོད་སྒྲིག་ཁང་པ་ཡག་པོ་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ། གནས་སྤོས་མང་ཚོགས་ལ་བདེ་འཇགས་ལྡན་པའི་སྡོད་ཁང་ཡོད་པ་དང་། བློས་འགེལ་ཆོག་པའི་ལས་ཀ་ཡོད་པ། ཡོང་འབབ་བརྟན་པོ་ཡོད་པ་བཅས་ཡོང་རྒྱུའི་འགན་ལེན་བྱས་པ་རེད།

མཛོ་སྒང་རྫོང་ཕྱོགས་བཞི་བཀྲ་ཤིས་གྲོང་གསར་གྱི་རྒན་མོ་བསོད་ནམས་ལྷ་མོ་གནས་སྤོས་པ་ནས་བཟུང་། ཁོམ་པ་ཡོད་དུས་ཉིན་ལྟར་ཐང་ཆེན་དུ་བསྐྱོད་དེ་གྲོགས་པོ་ཚོ་དང་མཉམ་དུ་ཉི་མ་བསྲོས་ནས་ཁ་བརྡ་གློད་ཀྱི་ཡོད་པ་རེད།

“ད་ཆ་གྲོང་ཚོའི་ནང་དུ་གང་དགོས་དེ་འཛོམས་ཡོད་པ་མ་ཟད། ཁོར་ཡུག་ཀྱང་ཡག་པོ་ཡོད། གྲོང་ཚོའི་ལས་བྱེད་པས་ད་དུང་རྟག་ཏུ་གློག་བརྙན་ཡང་སྟོན་གྱི་ཡོད་པས། ང་ཚོ་ཐང་ཆེན་དུ་ཉིན་གང་བསྡད་ཀྱང་སྣང་བ་ཡུལ་པོ་ཡོང་གི་མི་འདུག”ཅེས་བསོད་ནམས་ལྷ་མོ་མིག་སྔའི་འཚོ་བར་བློ་ཡིད་ཧ་ཅང་ཚིམས་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས“ས་ཚིགས་ནང་ཁུལ་དུ་གཅིག་གྱུར་འཛུགས་སྐྲུན་བྱེད་པ་དང་ས་ཚིགས་ཕྱི་རུ་གཏོགས་ཁོངས་ཀྱིས་འགན་འཁུར་བའི”རྩ་དོན་ལྟར། འབྲེལ་ཡོད་ཚན་པ་ཁག་སྤྱི་འདོམས་མཐུན་སྦྱོར་བྱས་ནས་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ས་ཚིགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་ཡག་པོ་བསྒྲུབས་པ་དང་། གྲོང་གསེབ་གསར་པ་དང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཐོག་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སྐྲུན་པར་སྲིད་འཛིན་གྲོང་ཚོའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཚང་སྒྲིག་ཚད་གཞི་སྔར་བས་ཁ་གསལ་བཟོས་ནས་བཀོད་སྒྲིག་ས་ཚིགས་ཀྱི་ཆུ་དང་།

གློག ལམ། འཕྲིན། དྲ་བཅས་དང་། ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོང་བཅས“མཐོར་གཏོང་བཅུའི”ལས་གྲྭ་མཉམ་དུ་འཆར་འགོད་དང་མཉམ་དུ་ལག་བསྟར་བྱས་པ་མ་ཟད། ད་དུང“ཁང་བརྒྱད་དང་སྒོ་རྩིས་ཚོང་ཁང་གཅིག་དང་ཐང་ཆེན་གཅིག”བཅས་ཀྱང་གཅིག་གྱུར་འཛུགས་སྐྲུན་བྱས་ནས། གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་བསྐངས་ཡོད་པ་རེད།

འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རྣམ་རྒྱལ་གྱིས་ཉེ་ཆར་རང་ཁྱིམ་གྱི་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཉམས་གསོ་བྱས་ནས་ལྷ་སར་དངོས་ཟོག་ཁག་གཅིག་དབོར་རྩིས་ཡོད་པ་དང་། འཇོ་མདའ་ནས་ལྷ་སར་དངོས་ཟོག་ཐེངས་གཅིག་དབོར་བར་གླ་ཆ་སྒོར་5000རག་གི་ཡོད་པ་རེད།

“2018ལོའི་ཟླ་དགུ་པར། ང་ཚོ་འདི་གའི་སྨི་ངོས་གྲུ་བརྒྱ་ལྷག་ཙམ་ཡོད་པའི་ཁང་པ་ཆེན་པོའི་ནང་སྤོས་ཡོང་བ་ཡིན། གྲོང་ཚོའི་ལས་བྱེད་པའི་ལྕག་སྐུལ་འོག ངས་ཕལ་ཆེར་ཟླ་བ་གཉིས་རེའི་ནང་འཇོ་མདའ་ནས་ལྷ་སར་དངོས་ཟོག་ཐེངས་རེ་དབོར་གྱི་ཡོད་པས་ཡོང་འབབ་ཅུང་ཡག་པོ་འདུག ཁོམ་ལོང་བྱུང་དུས་ང་ཚོས་གྲོང་ཚོའི་བ་ཕྱུགས་གསོ་ཚགས་རྟེན་གཞིར་ལས་ཀ་བྱས་ནས་ཡོང་འབབ་གསོག་གི་ཡོད” དེ་སྔའི་སྡོད་ཁང་རྙིང་པ་ད་དུང་ཡོད་ཀྱང་རྣམ་རྒྱལ་གྱིས་ད་ཆའི་སྡོད་ཁང་ཧ་ཅང་ཡག་པོ་ཡོད་པས་ཕྱིར་འགྲོ་འདོད་མི་འདུག་ཅེས་བཤད་པ་རེད།

རྣམ་རྒྱལ་གྱིས་བཤད་པའི་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོའི་བ་ཕྱུགས་གསོ་ཚགས་རྟེན་གཞིའི་མ་འཇོག་བསྡོམས་འབོར་སྒོར་ཁྲི་337.58ཟིན་པ་དེས“མཉམ་ལས་ཁང+རྟེན་གཞི+དུད་ཚང་དབུལ་པོ”བཅས་ཀྱི་བྱེད་སྟངས་སྤྱད་དེ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་16གི་མི་39ཡི་འབབ་འཕར་ལ་སྐུལ་ཁྲིད་བྱེད་ཀྱི་ཡོད་པ་རེད།

མིག་སྔའི་བར། ཆབ་མདོ་གྲོང་ཁྱེར་གྱིས་ཁྱོན་ཐོན་ལས་རྣམ་གྲངས་852ལག་བསྟར་བྱེད་འཆར་ཡོད་པ་ལས་692ལག་བསྟར་བྱས་ནས། བཀོད་སྒྲིག་ས་ཚིགས་ཚང་མར་ཐོན་ལས་རྣམ་གྲངས་1ནས་2རེ་ཡོད་པ་དང་དུད་ཚང་དབུལ་པོ་རེར་ཉུང་མཐར་ཡང་མི་1ལས་ཞུགས་གཞན་སྒྱུར་ཐུབ་པའི་འགན་ལེན་བྱས་པ་དང་། དབུལ་སྐྱོར་དང“བློ་སྐྱོར” “རིག་སྐྱོར”ཟུང་འབྲེལ་བྱས་ཐོག་ཞིང་འབྲོག་པའི“མངགས་ཐོའི་རྣམ་པ”དང“ཁ་ཕྱོགས་གཏན་འཁེལ་རྣམ་པའི”ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་དབུལ་པོ་སྒྲིག་འཛུགས་བྱས་ནས་བཀོད་སྒྲིག་ས་ཚིགས་འཛུགས་སྐྲུན་ལ་ཞུགས་སུ་འཇུག་པ། མང་ཚོགས་ལ་རང་ཁྱིམ་གྱི་སྡོད་ཁང་འཛུགས་སྐྲུན་ལ་ཞུགས་ནས་བདེ་སྐྱིད་ཚོར་བའི་སྣེ་ཁྲིད་བྱེད་པ། དུད་ཚང་དབུལ་པོའི་ཡོང་འབབ་བརྟན་པོ་འཕར་བར་སྐུལ་ཁྲིད་དང་རྒྱབ་སྐྱོར་བཅས་བྱས་ནས་གྲོང་ཚོ་ཚང་མར་ཐོན་ལས་ཡོད་པ་དང་། དུད་ཚང་ཚང་མར་རྣམ་གྲངས་ཡོད་པ། མི་ཚང་མར་ཡོང་འབབ་ཡོད་པའི་ཐོན་ལས་དབུལ་སྐྱོར་གྱི་རྣམ་པ་གསར་པ་ཞིག་ཧུར་ཐག་བཏོད་པ་རེད།