སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་སྤུས་ཐང་གྲོང་ཚོའི་གཡག་རྭ་ལས་སྣོན་བཟོ་གྲྭའི་སྐོར་བཀོད་པ།

གཡག་རྭའི་སྤྱོད་ནུས་གསར་པ

གསར་འགྱུར་སྤེལ་དུས།  【2020-06-16 11:30:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། བྲེལ་འཚུབ་ཆེ་བའི་དབྱར་རྩ་དགུན་འབུ་འཐུ་བའི་དུས་ཚིགས་ཡོལ་རྗེས། གྲོང་མི་སྐལ་བཟང་ཚེ་རིང་གིས་རང་ཁྱིམ་གྱི་གཡག་རྭ་རྣམས་བསྡུ་གསོག་བྱེད་ཞོར། གདོང་ནས་འཛུམ་འཚེར་འཚེར་ངང“དེ་སྔོན་གཡག་བཤས་རྗེས་རྭ་ཅོར་སྤྱོད་སྒོ་མེད། ད་ཆ་ང་ཚོའི་གྲོང་ཚོར་གཡག་རྭའི་ལས་སྣོན་བཟོ་གྲྭ་ཡོད་པས་བཟོ་གྲྭ་ནས་རྭ་ཅོ་ཉོ་བར་ཡོང་གི་ཡོད། རྭ་ཅོ་20ལ་སྒོར་80རག་གི་འདུག”ཅེས་བཤད།

2018ལོའི་ཟླ་3པར། སྟེང་ཆེན་གྲོང་རྡལ་སྤུས་ཐང་གྲོང་ཚོའི་གཡག་རྭ་ལས་སྣོན་བཟོ་གྲྭ་བཙུགས་ཤིང་དེ་ནི་སྤུས་ཐང་གྲོང་ཚོས་རང་གྲོང་ཚོའི་ཁྱད་ཆོས་དང་ཕུན་སུམ་ཚོགས་པའི་གཡག་རྭའི་ཐོན་ཁུངས་བེད་སྤྱོད་གང་ལེགས་ཀྱིས་རེ་ཞུ་བྱས་ནས་བཙུགས་པའི་ལས་སྣོན་བཟོ་གྲྭ་ཞིག་རེད།

2019ལོའི་ཟླ་4པར། སྤུས་ཐང་གྲོང་ཚོས་ཕྱི་ནས་ལག་རྩལ་འདྲེན་འགོ་བརྩམས་པ་མ་ཟད་“ཐན་མུའུ་ཅང་”ཀུང་སི་ནས་ལས་སྣོན་འཕྲུལ་ཆས་ཉོ་སྒྲུབ་བྱས་པ་དང་། ཟླ་དེ་གའི་ཚེས་8ཉིན་སྟེང་ཆེན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་ཀྱིས་སྤུས་ཐང་གྲོང་ཚོར་ལག་རྩལ་སྦྱོང་རྡར་འཛོན་གྲྭ་བཙུགས་ཏེ་གྲོང་མི་9ལ་སྦྱོང་རྡར་སློབ་འཁྲིད་བྱས་ཡོད།

སྦྱོང་རྡར་གྱི་རྒྱུད་རིམས་ཁྲོད། གྲོང་མི་རྣམས་ལས་བྲེལ་ཆེ་བས་རྨང་གཞིའི་ལག་རྩལ་ཙམ་ལས་སྦྱོང་བའི་གོ་སྐབས་མ་མཆིས། འོན་ཀྱང་གྲོང་ཚོའི་ལྕགས་ཚོན་ཚོང་ཁང་གི་སྦྱིན་བདག་ལིའུ་ཆིང་དེའི་ལས་སྣོན་སྐོར་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་ཞིབ་འཇུག་ཐེངས་མང་བྱས་པ་བརྒྱུད་ལག་རྩལ་མི་སྣའི་གདེང་འཇོག་གང་ལེགས་ཐོབ།

2019ལོའི་ལོ་མཇུག་ཏུ། སྤུས་ཐང་གྲོང་ཚོས་གཡག་རྭ་ལས་སྣོན་བཟོ་གྲྭ་ལོ་རེར་སྒོར་ཁྲི་གཅིག་བྱས་ནས་འགན་གཙང་སྤྲོད་རྒྱུའི་ཐག་གཅོད་བྱས། ལིའུ་ཆིང་གཡག་རྭའི་སྐྲ་ཤད་བཟོ་བར་སྤྲོ་བ་རབ་ཏུ་འཕེལ་བ་དང་དུས་རྒྱུན་ཡང་དེའི་བཟོ་རྩལ་ཐད་ལ་ཞིབ་འཇུག་ཕྲན་བུ་བྱེད་མྱོང་བས། གོ་སྐབས་དེ་འདྲ་རག་དུས་ཁོས་ཀ་རེ་ཀོ་རེ་སྤུ་ཙམ་མེད་པར་བཟོ་གྲྭ་འགན་གཙང་བླངས།

གསར་འགོད་པས་ཤེས་རྟོགས་བྱས་པ་བརྒྱུད། གཡག་རྭ་སྤྱི་རྒྱ་གཅིག་ལ་སྒོར་4ཡིན་པ་དང་ཅ་ལག་དང་བརྗེས་རེས་ཡང་བྱས་ཆོག དུས་ཡུན་ཟླ་གཅིག་གི་ནང་། ལིའུ་ཆིང་གིས་ཁྱོན་སྤྱི་རྒྱ་1000སྒོར་4000ལྷག་ཙམ་གྱི་གཡག་རྭ་ཉོ་སྒྲུབ་བྱས་ཟིན། ཁོས་ངོ་སྤྲོད་བྱས་པ་ལྟར། རྭ་ཅོ་གཅིག་གིས་གཡག་རྭ་སྐྲ་ཤད་2ནས་4བར་བཟོ་ཐུབ་པ་དང་སྐྲ་ཤད་རེར་སྒོར་100ཟིན་གྱི་ཡོད་མོད། འོན་ཀྱང་བཟོ་རྩལ་དེ་ཙམ་གྱི་བྱང་ཆུབ་པ་མེད་པའམ་རྒྱུ་ཆ་ཡག་པོ་མེད་པའི་རྐྱེན་གྱིས་འཕྲོ་བརླག་སོང་བ་ཡང་མང་བས། ད་ལོའི་ཟླ་4པར་ད་གཟོད་ལས་འགོ་བརྩམས་པས་ད་བར་ཡོང་འབབ་སྒོར་5000ལས་ཟིན་མེད།

གཡག་རྭའི་སྐྲ་ཤད་ཀྱི་ཁྲོམ་རའི་མདུན་ལམ་ཐད་ལིའུ་ཆིང་སེམས་ཁྲལ་སྤུ་ཙམ་བྱེད་ཀྱིན་མེད། རྒྱུ་མཚན་ནི་གཡག་རྭའི་སྐྲ་ཤད་ནི་མཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པས་ཡུལ་སྐོར་ཁྲོམ་རའི་ནང་བྲིན་ཁ་ཆེ་བའི་ཐོན་རྫས་གྲས་ཡིན།

ད་ལོའི་ཟླ་7པར། གཡག་རྭའི་སྐྲ་ཤད་སྦྱོང་རྡར་འཛིན་གྲྭ་ཞིག་གཉེར་རྒྱུ་ཡིན་པ་དང་། སློབ་མའི་ཁྲོད་ནས་མི་ཁ་ཤས་བདམས་ཏེ་ལས་སྣོན་བཟོ་གྲྭར་ལས་ཀ་བཀོད་སྒྲིག་བྱ་རྒྱུ་ཡིན། སྔོན་རྩིས་བྱས་ན་སྤུས་ཐང་གྲོང་ཚོར་ལས་གནས་4ནས་5བར་མཁོ་སྤྲོད་ཐུབ་ཅིང་གྲོང་མིའི་ལས་ཞུགས་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་གསར་པ་མཁོ་སྤྲོད་བྱེད་བཞིན་ཡོད།