བོད་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ལས་ཡུལ་དངོས་སུ་སྐུལ་སྤེལ་དང་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་ཟབ་ཏུ་གཏོང་བའི་ཚོགས་འདུ་འཚོགས་པ།

ཝུའུ་དབྱིང་ཅེ་དང་ལིའུ་ཡུང་ཧྥུའུ་ཡིས་གསུང་བཤད་གནང་བ་དང་། ཆེ་དགྲ་ལྷས་ཤིས་ཚིག་སྒྲོན་པ། ཏིང་ཡེ་ཤན་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020-06-19 11:41:07】

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གྱི་ཕྱི་དྲོ་ལྷོ་ཁ་གྲོང་ཁྱེར་དུ་བོད་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ལས་ཡུལ་དངོས་སུ་སྐུལ་སྤེལ་དང་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་ཟབ་ཏུ་གཏོང་བའི་ཚོགས་འདུ་འཚོགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ལིའུ་ཡུང་ཧྥུའུ་ཡིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་སྒྲོན་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཐང་ཐའོ། དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཝང་ཨའེ་ཝུན། ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ཝེ་ཧྲན་ཀྲུང་བཅས་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་། ལིའུ་ཅང་། ཞུས་ཁྲེང་ཚང་། རྒྱལ་མཚན། དབང་ཧའེ་ཀྲོའུ། འཇམ་དཔལ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཝུའུ་དབྱིང་ཅེས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཡུན་རིང་ནང་བོད་ཀྱི་ལས་དོན་ལ་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐད་ཤུགས་ཆེའི་རྒྱབ་སྐྱོར་དང་དམིགས་བསལ་ཐུགས་ཁུར་གནང་ནས། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་འདེགས་སྐྱོར་ཤུགས་ཆེན་གནང་བ་དང་སྟོབས་ཆེའི་སྒུལ་ཤུགས་བསྣན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས“སྤྱི་ཡོངས་ཆེན་པོ་གཉིས”བློ་ལ་བཅངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དེ་ཉིད་བོད་སྐྱོར་ལས་དོན་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ། ཆབ་སྲིད་ལ་སྣང་ཆེན་གྱིས་སྤྱི་ཡོངས་ལ་ལྟ་རྟོག ལེགས་སྐྱེས་ལ་སྣང་ཆེན་གྱིས་འགན་འཁྲི་འཁུར་ཕོད་པ། བོད་སྐྱོར་བྱེད་སྟངས་གསར་གཏོད་དང་། བོད་སྐྱོར་ནང་དོན་ཟབ་གཏོང་། བོད་སྐྱོར་ཁྱབ་ཁོངས་རྒྱ་སྐྱེད་བཅས་བྱེད་པ། མཐོང་ཆེན་བྱེད་ཤུགས་མུ་མཐུད་ཆེར་གཏོང་དང་། རྣམ་གྲངས་མ་འཇོག་ཧ་ཅང་མང་དུ་གཏོང་བ། རོགས་སྐྱོར་ཁྱབ་ཁོངས་རྒྱུན་ཆད་མེད་པ་རྒྱ་སྐྱེད་བཅས་བྱས་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་འདེགས་སྐྱོར་ཤུགས་ཆེན་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ཀྱི་ཐུགས་ཁུར་ཁྱིམ་ཚང་ཁྲི་སྟོང་མང་པོར་སྦྱིན་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དོན་འཁྱོལ་བྱས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་ལག་ལེན་ནུས་ལྡན་ཞིག ལྷོ་བྱང་མཐའ་མཚམས་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་བཅས་རེད།

ཝུའུ་དབྱིང་ཅེས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་འབད་འཐབ་བྱས་པ་བརྒྱུད། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་གལ་ཆེན་བྱུང་ཡོད་མོད། འོན་ཀྱང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱི་བ་དང་གསོག་འཇོག་ཉུང་བས་འཕེལ་རྒྱས་དོ་སྙོམས་མེད་པ་དང་འདང་ངེས་མེད་པའི་གནད་དོན་ཅུང་མངོན་གསལ་དོད་པ་དང་། རང་བརྟེན་འཕེལ་རྒྱས་ཀྱི་སྒུལ་ནུས་དང་རྩལ་ནུས་ད་དུང་རྦད་དེ་གྲུབ་མེད། སྤུས་ཚད་མཐོ་བའི་དབུལ་སྒྲོལ་མངོན་འགྱུར་བྱེད་པ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་པོ་ཡོང་བ་དང་སྲ་བརྟན་དུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་བྱེད་པར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་དང་རང་སྟོབས་རང་སྤེལ་བྱེད་དགོས་པ་མ་ཟད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད། ཕྱིས་སུ་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་མཉམ་ལས་ལས་དོན་ལ་སྔ་བར་ཕྱི་གསུམ་དུ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་དང་། ལས་ཞུགས་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། འཛད་སྤྱོད་དབུལ་སྐྱོར། རྣམ་གྲངས་དབུལ་སྐྱོར། ཤེས་ལྡན་མི་སྣའི་དབུལ་སྐྱོར་བཅས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་རམ་འདེགས་བྱ་རྒྱུའི་རེ་བའང་ཡོད།

ཝུའུ་དབྱིང་ཅེས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་སྔར་ལས་ལྷག་པ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ད་ཐེངས་ཀྱི་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱར་གཞིགས་པ། ལས་ཀའི་གཙོ་གནད་ཁོང་དུ་ཏན་ཏིག་ཆུད་པ། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པ་སྟེ། གཅིག་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་རང་རྟོགས་ཀྱི་བྱ་སྤྱོད་ལ་སྒྱུར་བ་བྱས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིས་ཁ་གསལ་བཏོན་གནང་བའི་བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་ཏེ་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས་ལ་དབུལ་སྒྲོལ་གྱི་གཏམ་རྒྱུད་ཀྱང་ཡག་པོ་ཤོད་དགོས་པ་དང་། དོན་དངོས་དང་གསོན་ཉམས་དོད་པའི་དཔེ་མཚོན་སོགས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་དང་མཚོ་ལས་ཟབ་པའི་བཀའ་དྲིན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དྲིལ་བསྒྲགས་བྱེད་པ། རྒྱལ་ཡོངས་ཀྱི་ས་གནས་གཞན་དག་ལའང་ལོངས་སྤྱོད་ཐུབ་མེད་པའི་གཟིགས་སྐྱོང་སྲིད་ཇུས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ལོངས་སྤྱོད་བྱ་རྒྱུ་བྱུང་བ་གསལ་པོ་བརྗོད་པ། “མངོན་གསལ་དོད་པའི་ལེགས་ཆ་བཅུ་གསུམ”དང“མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ་བཅུ་གསུམ”དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བའི་དབར་གྱི་འབྲེལ་བ་གསལ་པོ་བརྗོད་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་རང་རྟོགས་ངང“མོས་སེམས་ལྔ”ཆེ་རུ་གཏོང་བ་དང་། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་རང་རྟོགས་ངང་སེལ་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་དང་སེམས་ནུས་གཙོ་བོ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་གཏོང་ཐད་འཇོག་པ། ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། གཉིས་ནས་རོགས་སྐྱོར་དང་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་ཤིང་། རོགས་སྐྱོར་དང་ལེན་ས་ཁུལ་གྲོང་ཁྱེར་དང་རྫོང་ཆུས་ཀྱིས་འབྲེལ་གཏུག་སྦྲེལ་མཐུད་ལ་རང་འགུལ་ངང་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་པ་དང་། རྣམ་གྲངས། མ་དངུལ། ལག་རྩལ། ལས་ཞུགས། སྲིད་ཇུས་སོགས་རོགས་སྐྱོར་གྱི་ནང་དོན་དང་གནད་སྨིན་སྦྲེལ་མཐུད་བྱེད་པ། བོད་སྐྱོར་མ་དངུལ་རྣམ་གྲངས་དེ་དབུལ་སྒྲོལ་གྱི་གྲུབ་འབྲས་སུ་བརྟན་དུ་གཏོང་བའི་ལས་འགན་ལྕི་བའི་ས་ཁོངས་སུ་ཁ་ཕྱོགས་རྒྱུར་ཁྲིད་སྟོན་བྱེད་པ། ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་དང་འབྲེལ་བའི་སྦྲེལ་མཐུད་གཞོགས་འདེགས་དང་ཞབས་ཞུ་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། བོད་སྐྱོར་རྣམ་གྲངས་ལ་གཅེས་འཛིན་དང་བོད་སྐྱོར་མ་དངུལ་ཡག་པོ་སྤྱོད་པ་བཅས་བྱས་ནས་དངུལ་སྐར་མ་གཅིག་ཀྱང་གོ་ཆོད་སར་སྤྱོད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་ཆེ་སར་སྤྱོད་པའི་འགན་ལེན་བྱེད་དགོས། གསུམ་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་ཚོད་དམ་འཛིན་གྱིས་ཞན་ཆ་གསབ་པ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། རྩ་བ་བརྟན་གཏོང་བཅས་བྱས་ནས་དག་ཐེར་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པ་དང་ཚད་གཞི་ཁག་ཕྱོགས་ཡོངས་ནས་ལོན་ཐུབ་པའི་འགན་ལེན་བྱེད་དགོས། བཞི་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་ནུས་ལྡན་གཏོང་དགོས་ཤིང་། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་དང་། སྲིད་ཇུས། རོགས་སྐྱོར། ལྟ་འདོམས་བཅས་མཚམས་མི་འཇོག་པ་མཐའ་འཁྱོངས་བྱས་ཏེ་དབུལ་སྒྲོལ་སྲིད་ཇུས་སྤྱི་ཡོངས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང“འགན་གཙང་བཞིའི”ལམ་ལུགས་མཐའ་འཁྱོངས་བྱས་ཏེ་གནད་སྨིན་ཤན་འབྱེད་དང་། ཐོན་ལས་འདེགས་སྐྱོར། སྲིད་ཇུས་ལྕག་སྐུལ། ལས་ཞུགས་སྔོན་འཇོག བོད་སྐྱོར་རོགས་རམ། སྤྱི་ཚོགས་འགན་སྲུང་ཐ་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་མང་ཚོགས་དབུལ་པོ་རྒྱུན་མཐུད་དང་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། ལྔ་ནས་ལས་ཀའི་སྤྱོད་ཚུལ་ནུས་ལྡན་ངང་སྒྱུར་དགོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་། གཞི་རིམ་དུ་ཟབ་སྐྱོད་ཀྱིས་དོན་དངོས་བརྟག་པ་དང་བདེན་གཏམ་ཉན་ནས“རྫུན་བཟོ་རྣམ་པའི”དབུལ་སྒྲོལ་དང་། “རྩིས་རྒྱག་རྣམ་པའི”དབུལ་སྒྲོལ། “ཚད་གཞི་རྣམ་པའི”དབུལ་སྒྲོལ། “འཁྱམ་སྐྱོད་རྣམ་པའི”དབུལ་སྒྲོལ་སོགས་ཀྱི་གནད་དོན་ཡོད་མེད་ཞིབ་བཤེར་ནན་པོ་བྱེད་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ནས་དབུལ་སྐྱོར་ལས་དོན་དངོས་སྒྲུབ་དང་། དབུལ་སྒྲོལ་བརྒྱུད་རིམ་ཏན་ཏིག དབུལ་སྒྲོལ་འབྲས་བུ་དྲང་བདེན་བཅས་ཡོང་བའི་འགན་ལེན་བྱེད་དགོས།

ལིའུ་ཡུང་ཧྥུའུ་ཡིས་གསུངས་དོན། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མངོན་འགྱུར་བྱེད་པའི་ལོ་ཞིག་རེད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལོ་ཞིག་ཀྱང་རེད། བོད་འདི་ཉིད་རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཁྲོད་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་འབའ་ཞིག་ཡིན་པས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་པོས་ལེགས་གྲུབ་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་དུས་བཀག་ལྟར་རྒྱལ་ཁ་ལེན་པའི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལ་ངོས་འཛིན་གང་ལེགས་བྱེད་པ། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱེད་པ། ལག་ལེན་དངོས་ཀྱི་ཉམས་སད་ཐེག་པ་དང་སྤྱོད་གོ་ཆོད་པའི་ལམ་ལུགས་དང་བྱེད་ཐབས་མཐའ་འཁྱོངས་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་འཕྲད་པའི་དཀའ་ཚེགས་ཆེ་བའི་འགྲན་སློང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འགག་སྒྲོལ་གྱི་རྣམ་པ་རྒྱུན་འཁྱོངས་ཀྱིས་མཚམས་མི་འཇོག་པ་དང་། ཧོལ་རྒྱུག་མི་ཤོར་བ། ལྷོད་གཡེང་མི་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྷག་མ་དག་ལེགས་སྒྲུབ་བྱེད་པ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་པོ་བསྐྱར་ལོག་དང་དབུལ་པོ་གསར་པ་མི་ཐོན་སྔོན་འགོག་ཏན་ཏིག་བྱེད་པ། ལུང་གཞུང་དཔལ་འབྱོར་རྒྱུན་མཐུད་སྐྱེད་སྲིང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཚོང་འགུགས་མ་འདྲེན་གསར་གཏོད་བྱེད་པ། འཛད་སྤྱོད་དབུལ་སྐྱོར་གྱི་བྱ་སྤྱོད་ནན་ཏན་ངང་ལག་བསྟར་བྱེད་པ། སྤྱི་ཕན་ལས་གནས་དོ་དམ་ཚད་ལྡན་དུ་གཏོང་བ། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཐུབ་པའི་འགན་ལེན་བྱེད་དགོས།

ཆེ་དགྲ་ལྷའི་ཤིས་ཚིག་ནང་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་དང་། བོད་སྐྱོར་ཞིང་ཆེན་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། རྩ་ལག་མཉམ་བཅོས། “ཁག་གཅིག་རེ་ལྔ”དང“གནད་སྨིན་དྲུག”ལ་དམ་འཛིན་ནན་པོ་བཅས་བྱས་པས་རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཉུང་དུ་བཏང་བ་དང་། རྫོང་དང་ཆུས་དབུལ་པོ་74དབུལ་སྒྲོལ་ཐུབ་པ། རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ཕན་འབྲས་དཔྱད་ཞིབ་ཁྲོད་ལོ་4བསྟུད་མར“ཕྱོགས་བསྡུས་གདེང་འཇོག་བཟང་པོ”ཐོབ་ཡོད།

ཚོགས་འདུའི་ཐོག ནོར་བུ་དོན་གྲུབ་ཀྱིས་རང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་བོད་སྐྱོར་ཀྲུང་དབྱང་ཁེ་ལས་19ཡིས་རང་སྐྱོང་ལྗོངས་དང་ས་ཁུལ་གྲོང་ཁྱེར་7དབར་2020ལོའི་དབུལ་སྐྱོར་ཐོན་ལས་དང་ལས་ཞུགས་དང་། འཛད་སྤྱོད་དབུལ་སྐྱོར་ཁེ་ལས་ཀྱི་མཉམ་ལས་གྲོས་མཐུན་བཞག་པའི་ནང་རོགས་སྐྱོར་རྣམ་གྲངས་312ཡོད་པ་དེ་དག་གི་མ་དངུལ་སྒོར་དུང་ཕྱུར་159ཙམ་ཟིན་གྱི་ཡོད་པ་རེད།ཁྲེན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་སེམས་ཁྲལ་མེད་དང་འགན་ལེན་གསུམ་གྱི་དམིགས་ཚད་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་སྟེ། ལས་ཞུགས་འབབ་འཕར་ཡོང་བ་དང་ ཐོན་ལས་འཕེལ་རྒྱས་ཀྱིས་མང་ཚོགས་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ཁྲིད་བྱེད་པ། མང་ཚོགས་ཀྱི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་བདེ་སྐྱིད་ཚོར་སེམས་དང་། བདེ་འཇགས་ཚོར་སེམས་ཆེ་རུ་གཏོང་ཡོད།