ཞི་ཅིན་ཕིང་གིས་དུག་འགོག་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ།

དུག་འགོག་གི་མཛད་ཕྱོགས་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་དུག་འགོག་གི་མི་དམངས་དམག་འཁྲུག་ཡག་པོ་བརྒྱབ་ནས་དུག་འགོག་ལས་དོན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020-06-26 11:25:00】

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་23ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་དུག་འགོག་ཉིན་མོ་འཆར་ཉེའི་མཚམས་ཀྱི་ཚེས་23ཉིན་གྱི་སྔ་དྲོར། པེ་ཅིང་དུ་རྒྱལ་ཁབ་དུག་འགོག་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་ཀྱི་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། རྒྱལ་ཡོངས་དུག་འགོག་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།

ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་ནང་དང་རྒྱལ་ཕྱིའི་དུག་རྫས་ཀྱི་གནད་དོན་དང་། སྲོལ་རྒྱུན་དང་གསར་ཐོན་དུག་རྫས་ཀྱི་གནོད་འཚེ། དྲ་ཐོག་དང་དྲ་ཕྱིའི་དུག་རྫས་ཀྱི་ཉེས་གསོག་བཅས་ཕན་ཚུན་འདྲེས་པ་ལས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་། གཟུགས་གཞི་བདེ་ཐང་། སྤྱི་ཚོགས་བརྟན་ལྷིང་བཅས་ལ་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད། དེས་ན་ངེས་པར་དུ་དུག་འགོག་ལས་དོན་སྔར་རྒྱུན་བཞིན་མཐའ་གཅིག་ཏུ་གཏིང་ཟབ་སྤེལ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་དང་། མི་རིགས། མི་དམངས། ལོ་རྒྱུས་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་དུག་འགོག་མཛད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། དུག་འགོག་གི་མི་དམངས་དམག་འཁྲུག་ཡག་པོ་རྒྱག་པ། དུག་རྫས་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དུག་འགོག་གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དུག་འགོག་ལས་དོན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

རྒྱལ་དོན་ཨུ་ཡོན་རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲའོ་ཁེ་ཀྲེས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་། གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་མིག་དཔེར་འཛིན་པ། དེ་བས་བརྟན་པའི་ཆོད་སེམས་དང་། དེ་བས་ཆེ་བའི་བློ་སྟོབས། དེ་བས་ནུས་ལྡན་གྱི་བྱ་ཐབས་བཅས་ལ་བརྟེན་ནས་དུས་རབས་གསར་པའི་དུག་འགོག་གི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས་ཞེས་མཛུབ་སྟོན་གནང་བ་རེད།

ཚོགས་འདུའི་ཐོག 2015ལོ་ཚུན་དུ་དུག་འགོག་ལས་དོན་གྱི་འཐབ་ཕྱོགས་ཁག་ཏུ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་སྔོན་ཐོན་མཉམ་སྡེབ་100དང་སྔོན་ཐོན་མི་སྒེར་100ལ་གཟེངས་བསྟོད་ཐོབ་ཡོད། ཡུན་ནན་ཞིང་ཆེན་ལིང་ཚང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དུག་འགོག་ཉིང་ལག་རུ་ཁག་དང་། ཧྲེན་ཀྲེན་འགག་སྒོ་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱི་མྱུལ་ཞིབ་ཁྲུའུ་གཉིས་པ། ཡུན་ནན་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཕུའར་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རྫ་ཆུ་མཐའ་མཚམས་ཞིབ་བཤེར་ས་ཚིགས། ནང་སོག་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཁྲག་རྒྱུན་འགན་ལེན་ཁོའོ་ཡི་ཀྲུའུ་རེན་ཐའོ་ཡིང་ཁྲུན། ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་དུག་འགོག་དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཏོན་ཧྭ་ཧྲེང་སོགས་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད།

ཚོགས་འདུ་དེ་ནི་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཁག་གི་དུག་འགོག་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མི་དང་སྔོན་ཐོན་མི་སྒེར་སོགས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།