“འགན་ལེན་གསུམ”མངོན་འགྱུར་ཡོང་བ་བྱེད་པ།

—— ཆབ་མདོ་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་བྱས་ཏེ་མང་ཚོགས་དབུལ་པོའི་སློབ་གསོ་དང་། སྨན་བཅོས། སྡོད་ཁང་བཅས་ཀྱི་དཀའ་གནད་བསལ་བ།

གསར་འགྱུར་སྤེལ་དུས།  【2020-06-30 10:45:00】

   ཉེ་ཆར་གསར་འགོད་པས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྒར་ཐོག་གྲོང་རྡལ་གཏོར་ཁང་སྟེང་སློབ་ཆུང་དུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཀྱི་ཕན་པ་ཐོབ་པ་བརྒྱུད། ཉེ་བའི་ལོ་ཤས་རིང་སློབ་ཆུང་སློབ་མ་ཚེ་རིང་སྒྲོལ་མའི་སློབ་སྦྱོང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

ལོ་4ཡི་གོང་། ཚེ་རིང་སྒྲོལ་མ་ད་དུང་བྱིས་གྲོངས་ཤང་ལྟེ་བའི་སློབ་ཆུང་འགྲིམ་བཞིན་ཡོད་ཅིང་། ཁོ་མོའི་ཁྱིམ་གནས་སའི་རྔ་རྫ་གྲོང་ཚོ་ནས་སློབ་གྲྭའི་བར་པ་ཕས་སྦག་སྦག་བཏང་ནས་བསྐྱལ་ན་རི་ལམ་དུ་ཆུ་ཚོད་གཅིག་ལྷག་ཙམ་འགོར་གྱི་ཡོད། ད་ཆ་ཁོང་ཚོའི་ནང་མི་རྫོང་གྲོང་དང་བར་ཐག་སྤྱི་ལེ་3ལས་མེད་པའི་གཏོར་ཁང་སྟེང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པས། སློབ་གྲྭ་ཁྱིམ་གྱི་འགྲམ་དུ་ཡོད་པ་རེད།

གཏོར་ཁང་སྟེང་སློབ་ཆུང་གི་སློབ་སྤྱི་བཀྲ་ཤིས་རྒྱ་མཚོས། “སློབ་ཆུང་འདི་ནི་ཆེད་མངགས་བཀོད་སྒྲིག་བྱ་ཡུལ་ལ་བཙུགས་པ་ཞིག་རེད། ད་ཆ་དགེ་རྒན་19དང་སློབ་མ་353ཡོད། སློབ་ཁང་གསར་པ་རྒྱ་ཆེ་ལ་དཀར་ཆ་དོད་ཅིང་སྒྲིག་བཀོད་ཆ་ཚང་པོ་ཡོད། ལྷག་པར་དུ་དྲ་ཐོག་བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་བྱ་ཐབས་ཡོངས་ཁྱབ་ངང་སྤྱོད་ཀྱི་ཡོད་པས། སློབ་མ་ཚོས་སློབ་ཁྲིད་ཐོན་ཁུངས་སྤུས་ལེགས་དེ་བས་མང་བ་ལོངས་སུ་སྤྱོད་རྒྱུ་ཡོད”ཅེས་བརྗོད།

ཚེ་རིང་སྒྲོལ་མ་དང་འདྲ་བར་ཕྲུ་གུ་དེ་བས་མང་བས་འོས་འགན་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ལོངས་སུ་སྤྱོད་རྒྱུ་བྱུང་ཞིང་། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་ཚང་མ་སློབ་གྲྭར་ཞུགས་ཚད་99.85%ཟིན་པ་དང་། དམའ་རིམ་སློབ་འབྲིང་གི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་100.38%ཟིན་ཡོད། རིམ་རྩིས་ལྟར་ན་རིམ་ཁག་སྲིད་གཞུང་གིས་སློབ་མ་དབུལ་པོ་མི་ཐེངས་25506ལ་མ་དངུལ་གྱི་རོགས་སྐྱོར་བྱས་པ་དང་རོགས་དངུལ་སྒོར་དུང་ཕྱུར་1.16སྤྲད་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རིང་། ཆབ་མདོ་གྲོང་ཁྱེར་གྱིས་མང་ཚོགས་དབུལ་པོའི“འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས”བཅས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ནས“འགན་ལེན་གསུམ”མངོན་འགྱུར་ཐུབ་པ་བྱས་ཡོད། “ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ཀྱིས་ཡུལ་ཕྱོགས་དེ་གའི་མིའི་འཚོ་བ་འཕྱིད་དཀའ་བའི”དམིགས་བསལ་གྱི་གནས་ཚུལ་ལ་གཞིགས་ནས། ས་གནས་དེ་གས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཐབས་ལག་བསྟར་བྱས་ནས་བཀོད་སྒྲིག་བྱ་ཡུལ་268གསར་དུ་བསྐྲུན་ཏེ་སྡོད་ཁང་གི་བདེ་འཇགས་གཅིག་སྡུད་ཐག་གཅོད་བྱས་པ་དང་ཆབས་ཅིག སློབ་གྲྭ་དང་འཕྲོད་བསྟེན་ཁང་དང་། ཆུ། གློག ལམ། དྲ་བ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་བའི་ངང་འཛུགས་སྐྲུན་ཡག་པོ་བྱས་ནས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་9.9བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱས་ཡོད།དཔའ་ཤོད་རྫོང་པད་མ་གྲོང་རྡལ་གནས་རབ་གྲོང་ཚོ་དང་གཤས་པ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ། ཚོས་གཞི་དཀར་དམར་བསྲེས་པའི་གྲོང་མིའི་སྡོད་ཁང་གསར་པ་མང་པོ་གྲལ་འགྲིག་པ་དང་། དམངས་ཕན་ཞབས་ཞུའི་ས་ཚིགས་དང་། སྒོ་རྩིས་ཚོང་ཁང་། ཟ་ཁང་། འཕྲོད་བསྟེན་ཁང་སོགས་འཚོ་བའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་གསར་འགོད་པས་མཐོང་བྱུང་། དེ་གར་བཀོད་སྒྲིག་བྱས་པའི་དུད་ཚང་468ཀྱི་མང་ཚོགས་2687ཡོད་པ་དེ་དག་མང་ཆེ་བ་ནི་རྒྱལ་མོ་རྔུལ་ཆུའི་གྲོག་རོང་རྒྱུད་ཀྱི་སྐྱ་རི་ཤང་དང་། ཡངས་པ་ཤང་། ཝ་ཤང(སྤྱི་མིང་ལ“སྐྱ་རི་ཤང་གསུམ”ཞེས་བརྗོད)བཅས་ནས་སྤོས་པ་ཤ་སྟག་རེད།ལོ་31ལ་སླེབས་པའི་ཚེ་བརྟན་མཚོ་མོ་2018ལོའི་ཟླ་10པར་སྐྱ་རི་ཤང་སྐྱིད་རྭ་གྲོང་ཚོ་ནས་གནས་རབ་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པས་སྨི་ངོས་གྲུ་75ཟིན་པའི་ཉལ་ཁང་གཉིས་དང་ཚོམས་ཆེན་གཅིག་གི་བཀོད་སྒྲིག་ཁང་པ་ཞིག་བགོ་བཤའ་རག་པ་རེད། ནང་མི་ཚང་མས་སྡོད་ཁང་གསར་པར་སྒོར་ཁྲི་2ལྷག་ཙམ་བཏང་སྟེ་མཛེས་བཟོ་བྱས་པ་དང་། ཆ་སྒམ་སོགས་བོད་བཟོའི་འཛིན་ཆས་བསྒྲིགས་པ་མ་ཟད། ད་དུང་བརྙན་འཕྲིན་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཉོས་པས་ཁང་པ་གཙང་སྦྲ་དོད་ལ་སྐྱིད་སྣང་དོད་པ་ཞིག་ཡོད་པ་རེད།

“སྐྱ་རི་ཤང་གསུམ”ཁུལ་དུ་རི་བོ་མཐོ་ལ་གཡང་གཟར་བས། མང་ཚོགས་མང་ཆེ་བ་རི་ལྡེབས་སུ་ཐར་ཐོར་དུ་གནས་པ་དང་། སྡོད་ཁང་གི་བདེ་འཇགས་ཡག་པོ་མེད་ལ། སྨན་པའང་ཧ་ཅང་བསྟེན་ཁག་པོ་ཡོད། གློ་བུར་དུ་ན་བ་དང་ནད་གཞི་ཚབས་ཆེན་ཐོན་སྐབས། ཡུལ་མི་ཚོས་རྟག་ཏུ་ཆུ་ཚོད་8ལྷག་ཙམ་སྤྱད་དེ་སྤྱི་ལེ་300ཙམ་བསྐྱོད་ན་གཞི་ནས་ནད་པ་དཔའ་ཤོད་རྫོང་གྲོང་གི་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་ཐུབ་ཅིང་། སྐྱ་རི་ཤང་གི་ཤང་ཀྲང་ཅིན་ཏེ་མིང་གིས“ད་ཆ་ཤང་གསུམ་གྱི་མང་ཚོགས་ཚང་མ་རྫོང་གྲོང་གི་འགྲམ་དུ་སྤོས་ཡོད། བཀོད་སྒྲིག་བྱ་ཡུལ་དུ་སྨན་བཅོས་ཁང་ཡོད་ལ། རྫོང་མི་དམངས་སྨན་ཁང་དུ་རྐང་ཐང་དུ་བསྐྱོད་ན་སྐར་མ་བཅུ་ལྷག་ཙམ་ལས་འགོར་གྱི་མེད་པས། མང་ཚོགས་ཚོས་ན་ཚ་ལྟ་བར་སེམས་ཁྲལ་བྱེད་དགོས་ཀྱི་མེད”ཅེས་བརྗོད།ཆབ་མདོ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གྲངས་གཞི་ལས་མངོན་གསལ། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་98ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱེད་མཇུག་འགྲིལ་བ་དང་། སྲིད་འཛིན་གྲོང་ཚོ་1119ཚང་མར“གྲོང་ཚོ་རེར་སྨན་ཁང་རེ་ཡོད་པའི”བླང་བྱ་གཞིར་བཟུང་། གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་བསྐྲུན་ཡོད་པ་རེད། དེ་དང་དུས་མཚུངས། ད་དུང་ས་གནས་དེ་གས་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་རྩིས་ཞུའི་སྟབས་བདེའི་གོ་རིམ་ལག་བསྟར་བྱ་ཐབས་བཟོས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སྟབས་བདེའི་སྨན་བཅོས་ལག་བསྟར་བསམ་འཆར་སོགས་བཏོན་ནས“སྔོན་ལ་སྨན་བཅོས་དང་རྗེས་སུ་སྨན་རིན་སྤྲོད་པའི”སྨན་བཅོས་ལམ་སྲོལ་ལག་བསྟར་བྱས་ཡོད་པ་རེད།“འགན་ལེན་གསུམ”དོན་འཁྱོལ་བྱེད་པ་དང་ཆབས་ཅིག ད་དུང་ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཇགས་འཐུང་ཆུའི་དཀའ་གནད་ཤུགས་ཆེན་བསལ་ཞིང་། 2019ལོ་ཚུན་དུ། ས་གནས་དེ་གས་སྲ་བརྟན་རིམ་སྤོར་བྱེད་དགོས་པའི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་ས་ཚིགས་1183གནད་སྨིན་འདེམས་བཤེར་བྱས་པ་དང་། ཆེད་དོན་མ་དངུལ་སྒོར་དུང་ཕྱུར་4.01གྲབས་གསོག་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཉམས་གསོ་དང་། གསར་སྐྲུན། སྒྱུར་བཀོད་སོགས་ཀྱི་སྲ་བརྟན་རིམ་སྤོར་གྱི་ལས་གྲྭ་ལག་བསྟར་བྱས་ཏེ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱས་ཡོད་པ་རེད།