ཤོ་རྒྱག་རྒྱན་འཇོག་བྱེད་པ་ལས། ལུས་སྦྱོང་བྱས་ན་ཅིས་མི་དགའ།

དཔའ་ཤོད་རྫོང་གིས་ལས་བཟོ་པའི་བྱེད་སྒོའི་ལྟེ་གནས་བཙུགས་ནས་རྫོང་གྲོང་གི་སྤུས་ཚད་མཐོ་གཏོང་དང་།ལས་ཞོར་འཚོ་བ་འཁྲུག་ཏུ་བཏང་སྟེ་ལས་བཟོ་མང་ཚོགས་ཀྱི་སྙིང་སྟོབས་འཕེལ་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2020-07-03 10:20:00】

       འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། དཔའ་ཤོད་རྫོང་གི་ལས་བཟོའི་བྱེད་སྒོ་ལྟེ་གནས་སུ་ཁྱིམ་སྤྱོད་ལུས་སྦྱོང་ཡོ་བྱད་རེ་གཉིས་ཙམ་ལས་མེད་སྙམ་མོད། འོན་ཀྱང་ཚེས་8ཉིན་གྱི་དགོང་མོ་གསར་འགོད་པ་བྱེད་སྒོའི་ལྟེ་གནས་དུ་སྐྱོད་སྐབས། བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་མཐོང་བྱུང་།

ལྟེ་གནས་དེར་ཐོག་བརྩེགས་གསུམ་དུ་དབྱེ་ཡོད། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་1100ཡོད། ཐོག་བརྩེགས་དང་པོ་ནི་བྱ་སྒྲོའི་སྤོ་ལོའི་ར་བ་དང་། གསང་སྤྱོད། གཟུགས་པོ་འཁྲུ་ས་བཅས་དང་། ཐོག་བརྩེགས་གཉིས་ནི་ལུས་སྦྱོང་ཡོ་བྱད་ལྗིད་ཁུལ་ཡིན།(གཏན་འཇགས་ལུས་རྩལ་ཡོ་བྱད)སྟེགས་གྲུག་ཁང་དང་། རྒྱུགས་ཤར་གློད་ས། ཐོག་བརྩེགས་གསུམ་པ་ནི་སྟོབས་ཤུགས་ཁུལ་(ཤེད་སྦྱོང་ཡོ་བྱད་)དང་། ཕིང་ཕང་སྤོ་ལོའི་ཁང། རྐང་འཁོར་ས་ཁུལ། རྣལ་འབྱོར་ཞབས་བྲོ་ཁུལ་བཅས་ཡིན་པས་དེའི་ནང་འབྱོར་སྐབས་མི་བཞི་བཅུ་ལྔ་བཅུ་ཙམ་གྱིས་བྱེད་སྒོ་ལྟེ་གནས་སུ་ལུས་སྦྱོང་སྤེལ་བཞིན་མཆིས།

“སྔོན་ཆད་རྫོང་དུ་ལས་བཟོ་མང་ཚོགས་བྱེད་སྒོ་སྤེལ་ཡུལ་དཀོན་པ་དང་ལས་བཟོ་ཁག་གཅིག་གིས་ཁོམ་ལོང་མེད་པར་ཤོ་རྒྱག་རྒྱན་འཇོག་གི་གོམས་གཤིས་ངན་པ་ཆགས་ཡོད” དཔའ་ཤོད་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་རིན་ཆེན་སྒྲོལ་དཀར་གྱིས་བཤད། དེའི་རྐྱེན་གྱིས་གོང་རིམ་བཟོ་ཚོགས་དང་། རྫོང་ཨུད། རྫོང་སྲིད་གཞུང་། ཧྥུའུ་ཅན་བོད་སྐྱོར་རུ་ཁག ཧྥུའུ་ཀྲོའུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་པའོ་ཝུའུ་ངར་ལྕགས་ཚོགས་པའི་མཉམ་འབྲེལ་རྒྱབ་སྐྱོར་འོག་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྫོང་རིག་གནས་ལུས་རྩལ་ལྟེ་གནས་ལ་བརྟེན་ནས་ལས་བཟོའི་བྱེད་སྒོ་ལྟེ་གནས་བསྐྲུན་རྒྱུའི་གཏན་འབེབས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། པའོ་ཝུའུ་ངར་ལྕགས་ཚོགས་པའི་བཟོ་ཚོགས་དང་ཕུའུ་ཀྲོའུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྟེ་བའི་འཛུགས་སྐྲུན་ཁྲོད་སྒོར་ཁྲི་150དང་སྒོར་ཁྲི་69སོ་སོར་ཞལ་འདེབས་ཕུལ་བ་རེད། 2018ལོའི་ལོ་མཇུག་ཏུ་ལྟེ་གནས་དེ་སྐྲུན་འགོ་ཚུགས་པ་དང་ན་ནིང་ཟླ་11པར་དངོས་སུ་སྤྱོད་འགོ་ཚུགས་ནས་རྫོང་ཡོངས་ཀྱི་ལས་བཟོ་མང་ཚོགས་ལ་རིན་མེད་ངང་སྒོ་ཕྱེས་ཡོད།

ན་ནིང་ལྷ་ས་དགེ་འོས་ཆེད་ལས་ལུས་རྩལ་ནས་ཐོན་པའི་བློ་བཟང་ཡེ་ཤེས་ཀྱིས་སྤྱི་ཚོགས་ཅན་གྱི་བཟོ་ཚོགས་ལས་དོན་པ་གདན་ཞུའི་ཡིག་རྒྱུགས་བཏང་བ་བརྒྱུད་ལྟེ་བའི་ལས་གནས་ཀྱི་དོ་དམ་མི་སྣར་ལས་གནས་རག་པ་དང་ཟླ་རེའི་གླ་ཆ་སྒོར་6000ཡོད། “ངའི་འགན་འཁྲི་ནི་རྟག་ཏུ་སྐོར་གཡེང་བྱས་ནས་ཚང་མར་ཡོ་བྱད་སྤྱོད་རྒྱུ་སློབ་རྒྱུ་དེ་ཡིན་ཅེས་བཤད།

རྫོང་གློག་འཕྲིན་ཅུས་ཀྱི་ལས་བཟོ་བློ་བཟང་བསྟན་འཛིན་གྱིས་རང་ཉིད་དེ་སྔ་ལས་གྲྭ་གྲོལ་རྗེས་དྲ་ཁང་དུ་ཡོང་ནས་རོལ་རྩེད་རྩེ་གི་ཡོད། ལས་བཟོ་བའི་བྱེད་སྒོ་ལྟེ་གནས་ཀྱིས་བཀོལ་སྤྱོད་རྗེས། ཁོས་རྒྱུན་དུ་ལས་གྲོགས་དང་མཉམ་དུ་སྦྱོང་བརྡར་བྱེད་ཀྱི་ཡོད་ “རྒྱུན་དུ་སྦྱོང་བརྡར་བརྒྱུད་ད་ཆ་གཟུགས་པོའི་བྱང་ཚད་ཡག་ཏུ་ཕྱིན་ནས་འགྲོ་འདུག་སྐབས་སུ་དབུགས་ཧལ་གྱི་ཚོར་སྣང་མི་འདུག”ཅེས་བཤད། “རྫོང་ལས་བཟོའི་བྱེད་སྒོ་ལྟེ་གནས་ཀྱིས་རྫོང་གྲོང་གི་རིག་གནས་དང་ལུས་རྩལ་གྱི་ལེ་ལག་ཚང་སྒྲིག་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་རྒྱ་ཆེའི་ལས་བཟོའི་ལས་ཞོར་འཚོ་བ་འཁྲུག་ཏུ་བཏང་ནས་ཁོང་ཚོའི་སྙིང་སྟོབས་འཕེལ་ཡོད” རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྟེ་གནས་དེ་གཞི་རྟེན་དུ་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་ལུས་རྩལ་བྱེད་སྒོ་སྤེལ་ནས་ལས་བཟོའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་རེད་བཅས་རིན་ཆེན་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པ་རེད།