སྲིད་གྲོས་སྐབས་དང་པོའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས་པ།

ཁྲེན་ཅུན་ཟུར་ཞུགས་བྱས་པ། ཐུབ་དགའ་ཡིས་གཙོ་སྐྱོང་ཞུས་པ།

གསར་འགྱུར་སྤེལ་དུས།  【2020-07-10 15:40:00】

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས9ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ཧྲེ་ཀྲང་ཁྲེན་ཅུན་ཟུར་ཞུགས་བྱས་པ་མ་ཟད་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་ཡིས་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་གྲོས་རིམ(འཆར་ཟིན)》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚེ་རིང་འགྱུར་མེད་ཀྱིས《དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》བརྒྱུད་བསྒྲགས་བྱས་པ། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་དང་། ཀྲང་ཧུང་ཅོན། ཚེ་རིང་དོན་གྲུབ། ཡང་དབྱིན། རན་ཧུའེ་མིན་བཅས་ཀྱིས་སོ་སོ《དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》དང་། 《རང་སྐྱོང་ལྗོངས་ཏང་ཨུད་སྲིད་གྲོས་ལས་དོན་ཚོགས་འདུ་དང་གྲོང་ཨུད་སྲིད་གྲོས་ལས་དོན་ཚོགས་འདུའི་གཙོ་གནད་ལས་དོན་གྱི་ཁག་བགོས་ཇུས་གཞི》《སྐབས་དང་པོའི་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས169པའི་དགོངས་དོན(སྲིད་གྲོས་ཚན་པ)》སོགས་བརྒྱུད་བསྒྲགས་བྱས་ཡོད་པ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་དང་ཆབ་དགོན་བྱམས་པ་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་རིང་ནོར་བུས《བློ་མཐུན་ཏིང་ཡེ་ཤན་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཅིག་པ་མཇུག་སྒྲིལ་བའི་ཐོག་གནང་བའི་གསུང་བཤད》དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་དང་དྲུང་ཆེ་ཆོས་ལྡན་གྱིས《བློ་མཐུན་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ཐོག་གནང་བའི་གསུང་བཤད》བརྒྱུད་བསྒྲགས་བྱས་ཡོད།

ཉིན་དེའི་ཕྱི་དྲོ། གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ཨུས་སྔ་རྗེས་སུ་ཁ་རུབ་ཆུས་རྒན་གསོ་ཁང་གི་དོ་དམ་དང་དེ་བཞིན་ཞབས་ཞུའི་མ་ལག་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་ཡོད།