ཞི་ཅིན་ཕིང་གིས་འབྲུབ་འགོག་གེཊ་སེལ་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་མཛུབ་སྟོན་གལ་ཆེན་གནང་བ།

འགན་འཁྲི་དམ་ནན་དུ་གཏོང་བ་དང་། འགན་ཁུར་ཕོད་པ། འཐབ་ས་དང་པོར་སྐྱོད་པ། མདུན་བཅར་བཀོད་འདོམས་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོཌ་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།

གསར་འགྱུར་སྤེལ་དུས།  【2020-07-14 10:30:00】

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་མཛུབ་སྟོན་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས་ཉེ་ཆར་འབྲི་ཆུ་དང་ཧུའེ་ཧོ་ཆུ་བོ་སོགས་རྒྱུག་ཁུལ་དང་ཏུང་ཐིང་མཚེའུ་དང་། ཕན་དབྱང་མཚེའུ། ཐའེ་ཧུའུ་མཚེའུ་སོགས་སུ་ཉེན་ཟོན་ཆུ་ཁ་ལས་བརྒལ་བ་དང་ཁྲུང་ཆིང་དང་། ཅང་ཤིས། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཅང་སུའུ། ཀྲེ་ཅང་སོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་སྟེ། མི་སྣ་འཆི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་སྟབས། འབྲུབ་འགོག་གི་དུས་བབ་ཧ་ཅང་ཛ་དྲག་པོ་ཡོད་ཅེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས་མིག་སྔར་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་ཡོད། དེས་ན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་དམ་ནན་དུ་གཏོང་བ་དང་འགན་ཁུར་ཕོད་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཐབ་ས་དང་པོར་བསྐྱོད་དེ་མདུན་བཅར་བཀོད་འདོམས་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་ཀྱིས་སྔར་བས་ནུས་པ་ཆེ་ལ་ཕན་པ་ཆེ་བའི་བྱེད་ཐབས་སྤྱད་དེ་ལྟ་ཞིབ་ཚད་ལེན་དང་། ཉེན་ཟོན་བརྡ་གཏོང་། ཆུ་རགས་དང་ཆུ་མཛོད་གྲལ་བཤེར། འཕྲལ་སྡོམ་ཐག་གཅོད། གེགས་ཁུལ་མང་ཚོགས་བཀོད་སྒྲིག་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་ཆབས་ཅིག ནུས་ཤུགས་ཡོད་རྒུ་བཏོན་ཏེ་ཉེན་སེལ་རོགས་སྐྱོབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་གང་ལེགས་བྱེད་དགོས་པ་དང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། འཕྲལ་སྡོམ་དོ་དམ་སྡེ་ཚན། ཆུ་བེད་པུའུ་སོགས་སྡེ་ཚན་ཁག་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། རོགས་སྐྱོར་སྟོབས་ཤུགས་དང་གེགས་སེལ་དངོས་རྫས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས་པ། བཅའ་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ཉེན་སེལ་རྒུད་སྐྱོབ་ལས་དོན་ནང་ཧུར་ཐག་ཞུགས་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག གེགས་རྗེས་བསྐྱར་སྐྲུན་ལས་དོན་ཇུས་འགོད་ཞིབ་ཚགས་བྱས་ནས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བ་བྱེད་དགོས། གེགས་བར་འཕྲད་པའི་མང་ཚོགས་ལ་རོགས་སྐྱོར་དང་རོགས་སྐྱོབ་ཡག་པོ་བྱས་ཏེ་གེགས་བར་འཕྲད་པ་ལས་དབུལ་པོ་བསྐྱར་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།