ཡུལ་མིས་དབུལ་སྒྲོལ་ཏན་ཏིག་བྱེད་པར་སྐུལ་ལྕག་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020-07-14 10:45:00】

“90ནང་སྐྱེས”ཀྱི་བྱམས་པ་བསྟན་ཆོས་ནི་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཡིན། 2016ལོ་ནས་བཟུང་ཁོང་ལ་གོ་བབ་གཞན་ཞིག་ཡོད་པ་ནི། ལྷོ་རོང་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་པ་ཡིན་པ་རེད།

“ཁོ་བོ་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་རི་ཁུལ་གྱི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་། ཤེས་བྱ་སློབ་སྦྱོང་བྱས་ནས་ངའི་མི་ཚེར་འགྱུར་ལྡོག་བྱུང་སོང ”ཞེས་བྱམས་པ་བསྟན་ཆོས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་པ་དང་། ཁོང་གིས་མང་ཚོགས་ཀྱི་དབུལ་ཕོངས་རྣམ་པར་འགྱུར་ལྡོག་གཏོང་དགོས་ན་ངེས་པར་དུ་ཁོང་ཚོའི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་དགོས་པ་དང་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་ཞེས་བཤད།

“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱེད་པ་ནི་ཐབས་ཤེས་བཟང་ཤོས་ཤིག་ཡིན།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ལག་ལེན་གྱི་བླང་བྱ་དག་ཁྱིམ་ཚང་ཀུན་ལ་རྣར་འཇགས་ཐུབ་པ་དང་སེམས་ལ་བརྟན་པོ་ཟུག་ཐུབ་པ་ཡོང་ཆེད། བྱམས་པ་བསྟན་ཆོས་ཀྱིས་འགོ་བཙུགས་མ་ཐག“སྨྲ་མཁས་པ”བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་ཞིང་། ཁོང་གིས་སེམས་ཆུང་ངང་ལྷོ་རོང་རྫོང་གི་སྒྲོག་འགྲེལ་ཉམས་མྱོང་ཕུན་སུམ་ཚོགས་པའི་ཏང་ཡོན་རྒན་གྲས་དང་དྲིལ་བསྒྲགས་པའི་སར་སྒྲོག་འགྲེལ་ཐབས་ཤེས་སློབ་རོགས་ཞུས་པ་དང་། རང་ཉིད་ཀྱིས་ཁྱིམ་དུ་གོས་ཤེལ་ལ་བལྟས་ནས་ཡང་ཡང་སྦྱངས་པ་རེད།

སྒྲོག་འགྲེལ་ཆུ་ཚད་རིམ་བཞིན་མཐོ་རུ་སོང་བ་དང་སྦྲགས་བྱམས་པ་བསྟན་ཆོས་ཀྱི་སྒྲོག་འགྲེལ་བྱེད་སྟངས་ཀྱང་རིམ་བཞིན་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བྱུང་ཞིང་། ཁོང་གིས་ཉེ་འཁོར་གྱི་མིའི་བྱ་བ་བསྡུར་བ་དང་དཔེ་དྲངས་ཏེ་གོ་བདེ་ལ་ཤེས་སླ་བའི་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

བྱམས་པ་བསྟན་ཆོས་ཀྱི་སྒྲོག་འགྲེལ་ཉན་པའི་རྗེས། “ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ”དང“བྱ་བ་དངོས་སྒྲུབ་ནས་འབྱོར་འབྲིང་དུ་བསྐྱོད་པ་དང་དུས་རབས་གསར་པར་འབད་འཐབ་བྱེད་པའི”མང་ཚོགས་ཀྱི་ཆོད་སེམས་སྔར་བས་བརྟན་དུ་སོང་བ་རེད།

ཡུལ་མི་བྱང་ཆུབ་ཁྱིམ་ནི་དེ་སྔོན་རྒྱབ་རི་གྲོང་ཚོར་སྐད་གྲགས་ཡོད་པའི“དུད་ཚང་དབུལ་པོ”ཞིག་རེད། དེ་དུས་ཁོང་ཉིན་ལྟར་ལས་ཀ་མི་བྱེད་པར་རྒྱལ་ཁབ་ཀྱིས་སྤྲད་པའི་དམངས་ཕན་མ་དངུལ་ལ་བརྟེན་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། བྱམས་པ་བསྟན་ཆོས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཐོག་ནས་བྱང་ཆུབ་ལ“སློབ་ཚན་འཁྲིད་རྒྱུའི”སེམས་ཐག་བཅད།

“ཐོག་མར་བསམ་བློའི་སློབ་གསོ་རྒྱག་སྐབས།བྱང་ཆུབ་ཀྱིས་གཏན་ནས་ཉན་འདོད་བྱེད་ཀྱི་མི་འདུག་ལ་ང་དང་སྐད་ཆའང་ཤོད་འདོད་བྱེད་ཀྱི་མི་འདུག ཡིན་ནའང་ངས་དུས་ཚོད་བྱུང་ཚེ་བྱང་ཆུབ་ཀྱི་ཁྱིམ་དུ་ཕྱིན་ནས་ཞོར་ལ་འཚོ་བའི་མཁོ་ཆས་ཕྲན་བུ་ཉོ་གི་ཡོད” ཡུན་རིང་གཤིབས་ན་མི་རྒྱུས་ལོན་ཟེར་བ་ལྟར། མཐར་བྱམས་པ་བསྟན་ཆོས་ཀྱིས་བྱང་ཆུབ་ཀྱི་སེམས་ནད་རྟོཌ་པ་སྟེ། “བྱང་ཆུབ་སྔོན་མ་སྐྱེལ་འདྲེན་བྱེད་མཁན་ཞིག་ཡིན་པ་དང་། དེ་དུས་འཚོ་བ་ཡག་པོ་ཡོད། ཡིན་ནའང་ཚོང་རྐུབ་བརྡིབས་ནས་འཚོ་བ་ཉིན་བཞིན་སྐྱེལ་དཀའ་རུ་སོང་སྟེ་རིམ་བཞིན་སྒྱིད་ལུག་ཅན་ཞིག་ཆགས”

ལྷག་བསམ་བཅངས་པས་གཞན་གྱི་བསམ་ཤེས་དང་ཡིད་ཆེས་ཐོབ་པའི་རྗེས། བྱམས་པ་བསྟན་ཆོས་ཀྱིས་རང་འགུལ་ངང་བྱང་ཆུབ་ཀྱི་རོགས་སྐྱོར་པ་བྱས་ནས་བོད་གྲི་ལས་སྣོན་བཟོ་གྲྭར་ལས་ཀར་འགྲོ་དགོས་པའི་སྐུལ་ལྕག་བྱས་པས་ཁོ་པར་ཟླ་རེར་ཡོང་འབབ་སྒོར་1500རག་པ་རེད།

ལས་ཀ་གཏན་འཇགས་བྱུང་བའི་རྗེས། བྱང་ཆུབ་ཀྱི་འཚོ་བར་རིམ་བཞིན་འགྱུར་ལྡོག་འགྲོ་འགོ་ཚུགས། 2017ལོར་བྱམས་པ་བསྟན་ཆོས་ཀྱིས་ཡང་བྱང་ཆུབ་ཀྱི་བཟའ་ཟླར་དྲོད་ཁང་ནང་ཚལ་འདེབས་པར་བསྐྱོད་ན་ཡག་པོ་ཡོད་པའི་ལྕག་སྐུལ་བྱས་པས། ཁོང་ཚོའི་ཁྱིམ་མི་ཚང་མར་ལས་ཀ་ཡོད་པར་གྱུར་བ་རེད།

2018ལོར་རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད། བྱང་ཆུབ་བོད་གྲི་ལས་སྣོན་བཟོ་གྲྭའི་ལག་རྩལ་པ་ཞིག་ཏུ་གྱུར་པ་དང་གླ་ཕོགས་ཀྱང་སྒོར་4000ལྷག་ཙམ་བར་འཕར་བ་དང་། ཁོང་གི་བཟའ་ཟླས་2019ལོའི་ཟླ་10པར་ཡང་བསྐྱར་དྲོད་ཁང་ཆེ་མོ་གཉིས་འགན་གཙང་བླངས་པས། བཟའ་ཚོ་གཉིས་པོ་གྲོང་ཚོ་དེར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་དུ་གྱུར་པ་རེད།

དུས་རྒྱུན་འཚོ་བའི་ཁྲོད་བྱམས་པ་བསྟན་ཆོས་ཀྱིས་མི་སྒེར་གྱི་མིང་ཐོག་ནས་དུད་ཚང་དབུལ་པོ་དང་གྲོང་ཚོའི་དྭ་ཕྲུག་ལ་གྱོན་གོས་དང་། མར། ནས་སོགས་འཚོ་བའི་མཁོ་ཆས་ཉོས་པ་མ་ཟད། མང་ཚོགས་རྨས་མར་སྨན་རིན་སྒོར་3000བཏང་ལ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་དེ་འཚོ་བར་དཀའ་ངལ་ཤིན་ཏུ་ཆེ་བའི་མང་ཚོགས་ལ་ཞལ་འདེབས་སྒོར་ཁྲི་2ལྷག་ཙམ་བརྒྱབ་པ་དང་། ད་དུང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་། ཚོགས་ཆུང་གི་ཙུའུ་ཀྲང་། གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་བཅས་ཀྱི་སྣེ་ཁྲིད་དེ་འོས་འགན་ངལ་རྩོལ་ནང་ཞུགས་ནས་དུད་ཚང་དབུལ་པོའི་ཁང་པ་རྒྱག་རོགས་ཀྱང་བྱས་པ་རེད།

བྱམས་པ་བསྟན་ཆོས་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་འབད་བརྩོན་ལ་བརྟེན་ནས་རྒྱབ་རི་གྲོང་ཚོའི་རྣམ་པར་འགྱུར་ལྡོག་བྱུང་ཞིང་། ཁོང་གིས་ཏང་ཡོན་མང་ཚོགས་ཀྱིས་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་ཧུར་སེམས་སྐོང་འཐེན་དང་སྐུལ་སློང་བྱེད་པའི་སྐབས་དང་བསྟུན་ཏེ་ཐོན་ལས་དབུལ་སྐྱོར་གྱི་དྲོད་རླུང་ལ་བརྟེན་ནས་མང་ཚོགས་ཏང་ཡོན་ཚོའི་མ་དངུལ་དང་། ས་ཞིང་། ངལ་ནུས་བཅས་མ་རྐང་ནང་ཞུགས་རྒྱུར་སྐུལ་སློང་ཡང་བྱས་པ་རེད།

2017ལོར་དྲོད་ཁང་ཆེ་མོ་49གཅིག་སྡུད་བྱས་ནས“སི་མེང་ཏ་སྔོ་ཚལ་ཐོན་སྐྱེད་རྟེན་གཞི”དང“བུད་མེད་ཀྱི་དབུལ་སྒྲོལ་སྔོ་ཚལ་བྲིན་ཚོང་དཔེ་སྟོན་རྟེན་གཞི”སྔ་རྗེས་སུ་བཙུགས་ཏེ་འདེབས་འཛུགས་དང་བྲིན་ཚོང་གཞི་གཅིག་ཅན་མངོན་འགྱུར་བྱུང་ནས་2019ལོར་སྒོར་ཁྲི་214བགོ་འགྲེམས་བརྒྱབ་པ་རེད།

2018ལོའི་ཟླ་3པར་ལྷོ་རོང་རྫོང་གིས་ཞག་སྡོད་དང་། རོལ་རྩེད། སོས་དལ། བཟའ་བཏུང་། རླངས་འཁོར་འཇོག་ས་བཅས་གཞི་གཅིག་ཏུ་འདུས་པའི་ལྷོ་རོང་དགའ་སྐྱིད་རོང་ཞེས་པ་ཐོག་མར་བཙུགས་ནས་རྒྱབ་རི་གྲོང་ཚོ་དང་དེའི་ཉེ་འཁོར་གྱི་ཡུལ་མི་300ལྷག་ཙམ་ལ་སྣེ་ཁྲིད་ཐུབ་ནས་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་རག་ཡོད།

2018ལོར་བོད་གྲི་བཟོ་བ་དང་། གསེར་ཚག་དངུལ་ཚག་ལས་སྣོན། དངུལ་གྲི་ལས་སྣོན། མཆོད་ཀོང་བཟོ་བ་སོགས་ཀྱི་ལེགས་ཆའི་ལག་ཤེས་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ནས“ལྷོ་རོང་མི་རིགས་ལག་ཤེས་བཟོ་རྩལ་ཚད་ཡོད་འགན་འཁྲི་ཀུང་སི”བཙུགས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་12ལས་ཞུཌ་ཐུབ་པ་བྱས་ནས་ལོ་དང་པོར་ཁེ་བཟང་སྒོར་ཁྲི་120ལྷག་ཙམ་བྱུང་ཡོད། འདི་ལོ་ད་དུང་ཁ་རུབ་ཆུས་ལ་ཡན་ལག་ཚོང་ཁང་བཙུཌ་ནས་ཁྲོམ་ར་རྒྱ་བསྐྱེད་བཏང་བས་ཡོང་འབབ་ཀྱང་མི་དམན་པ་བྱུང་བ་རེད།