ཁ་རུབ་ཆུས་རུ་བཞི་གྲོང་ཚོས་མེ་ཏོག་བཏབ་ནས་དཔལ་འབྱོར་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ཏེ།

“དཔལ་འབྱོར་མེ་ཏོག”གིས་འཚོ་བ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2020-07-17 10:50:00】

      ད་ཆ་ཆབ་མདོའི་གྲོང་མིར་གཟའ་མཇུག་སྐབས་སོས་དལ་གྱི་སྤྲོ་གསེང་གཏོང་ཡུལ་གསར་པ་ཞིག་ཡོད་དེ། ཁ་རུབ་ཆུས་རུ་བཞི་ཤང་རུ་བཞི་གྲོང་ཚོར་རེད།

རུ་བཞི་གྲོང་ཚོའི་སྐོར་གླེང་སྐབས། “རུ་བཞིའི་མེ་ཏོག”ཅེས་པའི་མཉམ་ལས་ཁང་གི་སྐོར་མི་མ་གླེང་ཀ་མེད་རེད། དེ་ནི་2018ལོར་རུ་བཞི་གྲོང་ཚོས་བཙུཌ་པའི་དྲི་ཞིམ་མེ་ཏོག་རྩི་ཤིང་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ཡིན་པ་རེད།

“ཟླ་བཞི་པར་ལས་གཉེར་བྱེད་འགོ་བཙུགས་ཚུན། ད་བར་ང་ཚོར་ཡོང་འབབ་སྒོར་ཁྲི་70ལྷག་བྱུང”ཞེས་རུ་བཞི་ཤང་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཝང་ཏུང་ཏུང་གིས་གསར་འགོད་པར་བཤད།

2018ལོར་ཡུན་ནན་སློབ་ཆེན་ཐོན་པའི་ཝང་ཏུང་ཏུང་རུ་བཞི་གྲོང་ཚོར་བཅའ་སྡོད་བྱས་ཤིང་། ནམ་རྒྱུན་མེ་ཏོག་ལ་ཧ་ཅང་དགའ་བའི་དབང་གིས་དང་ཐོག་མེ་ཏོག་ཕྲན་བུ་ཉོས་ནས་འཚོ་བར་མཛེས་རྒྱན་སྤྲོས་རྒྱུའི་བསམ་བློ་འཁོར་ཡང་། མེ་ཏོག་གི་རིན་གོང་ཧ་ཅང་མཐོ་བས་བསམ་ཚུལ་དེ་དོར་དགོས་བྱུང་།

“ན་ནིང་ང་ཡུན་ནན་ལ་ཕ་མར་ལྟ་བར་འགྲོ་སྐབས། དེ་གའི་མེ་ཏོག་ཁྲོམ་རར་ཆེད་མངགས་ལྟ་བར་ཕྱིན་པ་ཡིན། དེ་དུས་ངའི་བསམ་བློར་རུ་བཞི་གྲོང་ཚོར་ས་ཆ་མང་ལ་མེ་ཏོག་གདབ་རྒྱུར་འཚམས་པའི་གནམ་གཤིས་ཀྱང་ཡག་པོ་ཡོད་པས། ང་ཚོའི་དེར་མེ་ཏོག་མ་བཏབ་དོན་ཅི་ཡིན་སྙམ་བྱུང”ཞེས་ཝང་ཏུང་ཏུང་གིས་བཤད་པ་དང་། ཁོང་གིས་རང་ཉིད་ཀྱི་བསམ་ཚུལ་དེ་གྲོང་ཚོའི“ཨུ་ལྷན་གཉིས”ལ་གྲོས་བསྡུར་གྱི་ཚུལ་དུ་བཤད། གྲོང་ཚོའི་ཚོགས་ཆེན་ཐོག་བསམ་འཆར་རྒྱ་ཁྱབ་ཏུ་ཉན་མཐར་བསམ་འདུན་གཅིག་མཐུན་བྱུང་སྟེ། དུད་ཚང་རེ་ནས་སྒོར་1000བཏོན་པ་མ་རྐང་དུ་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི་5.7བྱུང་བ་དག་གིས་མཉམ་ལས་ཁང་འཕེལ་རྒྱས་བཏང་བ་དང་དྲི་ཞིམ་མེ་ཏོག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་སྟེ། རུ་བཞིའི་མེ་ཏོག་མཉམ་ལས་ཁང་བཙུགས་པ་རེད་ཅེས་ཝང་ཏུང་ཏུང་གིས་བཤད།

2018ལོའི་ཟླ་གསུམ་པར་མེ་ཏོག་དྲོད་ཁང་ཆེན་པོ་བརྒྱབ་ནས་སྤྱོད་འགོ་ཚུགས་པ་དང་། ཟླ་4ཚེས་1ཉིན་མེ་ཏོག་དང་པོ་དེ་བཏབ་ནས་གྲོང་ཚོ་ཡོངས་ཀྱི་མི་63ལས་ཞུགས་གཞན་སྒྱུར་བྱ་རྒྱུར་སྣེ་ཁྲིད་ཐུབ་ཡོད།

དུས་རྒྱུན་སྐད་ཆ་ཉུང་ཞིང་ལས་ཀར་ཧུར་བརྩོན་ཆེ་བའི་ཡུལ་མི་འཇམ་དབྱངས་ཉི་མ་ནི་ཁོང་ཚོའི་ཁྲོད་ཀྱི་གཅིག་རེད། ཁོང་ལ་ཟླ་རེར་ཡོང་འབབ་སྒོར་4000ལྷག་ཡོད་པ་དང་། ལོ་་མཇུག་ཏུ་བགོ་འགྲེམས་ཀྱང་ཡོད་པས། དེས་ཁོང་གི་ཕྲུ་གུ་གཉིས་སློབ་གྲྭར་འགྲོ་བའི་སློབ་ཡོན་ཐད་སེམས་ཁྲལ་མེད་པར་གྱུར།

དེ་དང་ཆབས་ཅིག་ཏུ་ལས་དོན་རུ་ཁག་གིས“དྲ་སྦྲེལ་+”བྱེད་སྟངས་འཚོལ་ཞིབ་བྱས་ནས་སྐད་འཕྲིན་ཚོང་ཁང་ཐོ་འགོད་བྱས་ཏེ། ཕྱོགས་རྐྱང་པའི་མེ་ཏོག་འདེབས་གསོ་ནས་མངགས་ཐོ་བཞིན་མེ་ཏོག་ཕྱིར་འཚོང་དང་། བོགས་མར་གཏོང་བ། སྔོ་ཁེབས་སུ་སྤྱོད་པ་སོགས་བྱས་པ་མ་ཟད། རུ་བཞི་མེ་ཏོག་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་ལས་དོན་རུ་ཁག་ཀྱང་བཙུགས་ནས། རྗེས་མཐུད་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ཞིང་། ཏང་ཡོན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དུས་བཀག་ནང་བོགས་གཏོང་ཚན་པར་རྒྱུན་གཏན་གྱི་གསོ་སྤེལ་དང་བདག་གཉེར་བྱ་རྒྱུ་སྒྲིག་འཛུགས་བྱེད་ཀྱི་ཡོད།

2020ལོར“རུ་བཞིའི་མེ་ཏོག་མཉམ་ལས་ཁང”གིས་ཆབ་མདོ་གྲོང་ཁྱེར་གྱི་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་སོགས་ཚན་པ་14ཡི་མེ་ཏོག་བོགས་གཏོང་དང་། སྔོ་ཁེབས་སུ་སྤྱོད་པ་སོགས་ཀྱི་ལས་སྒོའི་འགན་བླངས་པར་ཡོང་འབབ་སྒོར་ཁྲི་50ལྷག་རག་ཡོད། རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་རུ་ཁག་གི་ཁོངས་མིར་2019ལོར་མི་རེར་ཉིན་རེར་གླ་ཕོགས་སྒོར་100ནས་སྒོར་150བར་མང་དུ་ཕྱིན་ཡོད།

མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་སོང་བ་དང་ཆབས་ཅིག་ཏུ་ལས་དོན་རུ་ཁག་གིས་ལས་ཀ་གསར་པ་ཞིག་བརྩམས་ཏེ། གྲོང་ཚོའི་རྩྭ་ར་སྨི་ངོས་གྲུ་400ལྷག་བོགས་མར་བླངས་ནས་བོད་ཁྱིམ་སྤྲོ་ཁང་ཞིག་བརྒྱབ་སྟེ་ཆབ་མདོའི་གྲོང་མིར་སྤྲོ་གསེང་གཏོང་ཡུལ་གསར་པ་ཞིག་བཟོས་པ་རེད།