ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ དྲུག་པའི་དགོངས་དོན་གྱི་དྲི་བ་དྲིས་ལན།

གསར་འགྱུར་སྤེལ་དུས།  【2022-03-25 09:00:00】

དྲི་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཇི་ལྟར་ལེན་དགོས་སམ།

ལན། 《གྲོས་ཆོད》ནང“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དེ་ནི་གནམ་ས་འབྱེད་པའི་དོན་ཆེན་ཞིག་ཡིན་ཞིང་། དེ་ནས་བཟུང་ཀྲུང་གོའི་གསར་བརྗེའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད”ཅེས་བསྟན་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནི་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་འཇིག་ཉེན་ལས་སྐྱོབ་པའི་འཐབ་རྩོད་ནང་ཞུམ་མེད་འཚོལ་ཞིབ་བྱས་པའི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་འབྲས་བུ་ཞིག་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དེས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་དོན་སྙིང་གལ་ཆེན་ལྡན་པར་གོ་བ་གཏིང་ཟབ་ལེན་ཐུབ་ཚེ། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ཀྲུང་གོ་མི་དམངས་ལ་བཅིངས་འགྲོལ་མི་ཐོབ་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མེད་པ་བཅས་ལ་གོ་བ་གཏིང་ཟབ་ལེན་ཐུབ།

དང་པོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ལས་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད། ཨུ་རུ་སུའི་ཟླ་བ་བཅུ་པའི་གསར་བརྗེའི་རྗེས་སུ། ཀྲུང་གོའི་སྔོན་ཐོན་པར་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བདེན་དོན་ཁྲོད་ནས་ཀྲུང་གོའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་རྙེད་ཡོད། ཀྲུང་གོའི་ཆེས་སྔོན་ཐོན་གྱི་གྲལ་རིམ་སྟེ། བཟོ་པའི་གྲལ་རིམ་གྱི་སྲིད་ཏང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་བཟོ་པའི་གྲལ་རིམ་གྱི་ཁེ་ཕན་མཚོན་པ་མ་ཟད། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཧྲིལ་པོའི་ཁེ་ཕན་ཡང་མཚོན་གྱི་ཡོད། དེ་དབུ་བརྙེས་མ་ཐག་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཏན་འཁེལ་བྱས་པ་དང་། མར་ཁེ་སིའི་རིང་ལུགས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དར་ཆ་གསལ་སྟོན་ངང་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་རང་ཉིད་ཀྱི་འབད་འཐབ་དམིགས་ཚད་དུ་གཏན་འཁེལ་བྱས་ཏེ། གསར་བརྗེའི་བྱེད་ཐབས་ལ་བརྟེན་ནས་དམིགས་ཚད་དེ་མངོན་འགྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། དུས་དེ་ནས་བཟུང་ཀྲུང་གོའི་གསར་བརྗེར་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་དང་། ཀྲུང་གོ་མི་དམངས་ལ་གོང་བུ་འགྲིལ་ཤུགས་ཆེན་པོ། ཀྲུང་ཧྭ་མི་རིགས་ལ་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་བཅས་བྱུང་ཡོད།

གཉིས་པ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ལས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད། ཉེ་རབས་རྗེས་སུ་ཀྲུང་གོ་འདི་ཉིད་ནང་རྩོད་ཕྱི་འཁྲུག་གི་མུན་ནག་གི་གནས་སུ་གྱར་ཏེ་རིམ་བཞིན་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་གྱུར་པ་རེད། མི་རིགས་འཇིག་ཉེན་ལས་སྐྱོབ་ཆེད་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་པ་དང་རྒྱལ་སྐྱོབ་ཇུས་གཞི་སྣ་ཚོགས་རེས་མོས་སུ་བཏོན་ཡང་ཚང་མ་ཕམ་ཉེས་བྱུང་བ་རེད། དེའི་རྒྱུ་རྐྱེན་གཙོ་ཆེ་ཤོས་ནི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་འགོ་ཁྲིད་ཀྱི་སྲོག་ཤིང་སྟེ། སྔོན་ཐོན་དང་འགྱུར་མེད་སྟོབས་ལྡན་གྱི་སྲིད་ཏང་མེད་པས་རེད། སྐབས་དེའི་གོ་མིན་ཏང་ངམ་ཡང་ན་དེ་མིན་གྱི་འབྱོར་ལྡན་གྲལ་རིམ་དང་འབྱོར་ཆུང་གྲལ་རིམ་གྱི་ཆབ་སྲིད་ཤོག་ཁག་གང་ཞིག་ཡིན་རུང་། ཚང་མར་རྒྱལ་ཁབ་དང་མི་རིགས་སྐྱོབ་པའི་ཐབས་ལམ་མེད་ལ་རྙེད་ཀྱང་མི་སྲིད། ཀྲུང་གོར་བསམ་བློ་གསར་པས་རྒྱལ་ཁབ་སྐྱོབ་པའི་ལས་འགུལ་ལ་ཁྲིད་སྟོན་བྱེད་པ་དང་རྩ་འཛུགས་གསར་པས་གསར་བརྗེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་དགོས་གལ་ཤིན་ཏུ་ཆེན་པོ་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ལས་རྣམ་པ་དེ་རིགས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་མཛུབ་ཁྲིད་དུ་བྱས་ནས་ཀྲུང་གོ་སྐྱོབ་པའི་ཐབས་ལམ་ནི་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ཀྱི་ལོག་སྤྱོད་དབང་སྒྱུར་རྩ་སློག་བཏང་ནས་སྤྱི་ཚོགས་རིང་ལུགས་སུ་བསྒྱུར་རྒྱུ་དེ་ཡིན་ཞིང་། དེས་གེགས་བར་ཚབས་ཆེན་འཕྲད་པའི་ཀྲུང་གོ་མི་དམངས་ལ་འོད་ཟེར་དང་རེ་བ་སྦྱིན་ཡོད་པ་དང་། དུས་དེ་ནས་བཟུང་ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ། མི་དམངས་བདེ་སྐྱིད་ཡོང་བ་བཅས་དོན་གཉེར་བྱེད་པའི་འཐབ་རྩོད་ལ་བསམ་པའི་བརྟེན་ས་ཡོད་པ་དང་། ཀྲུང་གོ་མི་དམངས་བསམ་བློའི་ཐོག་གཞན་དབང་ནས་རང་དབང་དུ་གྱུར་པར་ངོས་འཛིན་གསལ་པོ་ཐུབ་ཡོད།

གསུམ་པ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ལས་འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྣམ་པར་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད། ཟླ་བ་བཅུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་ལས་འབྱོར་མེད་གྲལ་རིམ་སྤྱི་ཚོགས་རིང་ལུགས་ཀྱི་འཛམ་གླིང་གི་གསར་བརྗེ་བྱེད་འགོ་ཚུགས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ལ་ངོ་རྒོལ་བྱ་རྒྱུ་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་ལས་འགན་གཙོ་བོར་བརྩིས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་འབྱོར་མེད་གྲལ་རིམ་སྤྱི་ཚོགས་རིང་ལུགས་ཀྱི་འཛམ་གླིང་གསར་བརྗེའི་ཁ་ཕྱོགས་གཅིག་མཚུངས་ཡིན་པ་མཚོན་པར་བྱས་པ་དང་། དེ་ནི་འབྱོར་མེད་གྲལ་རིམ་སྤྱི་ཚོགས་རིང་ལུགས་ཀྱི་འཛམ་གླིང་གསར་བརྗེའི་ཆ་ཤས་རླབས་པོ་ཆེ་ཞིག་ཡིན་པ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་གསར་བརྗེའི་འཐབ་ཕྱོགས་ཀྱི་མནའ་མཐུན་དམག་དཔུང་དུ་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ལས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་གསར་བརྗེའི་སྒར་སའི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་། འབྱོར་མེད་གྲལ་རིམ་སྤྱི་ཚོགས་རིང་ལུགས་ཀྱི་འཛམ་གླིང་གི་གསར་བརྗེའི་ཤུགས་རྐྱེན་ཆེ་རུ་ཕྱིན་པ། འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྣམ་པར་འགྱུར་ལྡོག་བྱུང་ཡོད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ཕྱིར་བཤོལ་གཏན་ནས་མི་བྱེད་པར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་ངང་འཐབ་རྩོད་བྱས་ཏེ་རི་ཀླུང་ཁྱུར་མིད་གཏོང་ཕོད་པའི་བརྗིད་ཆགས་ཡིད་འོང་གི་ལོ་རྒྱུས་ཀྱི་སྙན་ངག་བརྩམས་ཡོད།