གསར་འགྱུར་སྤེལ་དུས། 【2022-08-16 10:53:38】
ལན། “བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ”དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གལ་ཆེན་ནང་བཅུག་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་འབྱུང་འགྱུར་ལ་ཕྱོགས་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བཀོད་སྒྲིག་བྱེད་ཁོངས་སུ་བཅུག་ཡོད། མི་དམངས་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་དམངས་གཙོ་ཞིག་ཡིན་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2019ལོའི་ཟླ་11པར་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་ཐོག་མར་བཏོན་གནང་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་ཡོད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་བཏོན་པ་དེས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ཞིང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་གཅིག་ཏུ་བསྡུས་པ་དང་། རང་རྒྱལ་གྱི་མི་དམངས་དམངས་གཙོའི་མངོན་གསལ་དོད་པའི་ཁྱད་ཆོས་དང་གཟེངས་སུ་ཐོན་པའི་ལེགས་ཆ་གསལ་བཤད་གཏིང་ཟབ་བྱས་ནས། དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཤེས་དཔལ་འཛུགས་སྐྱོང་ལ་ཁྲིད་སྟོན་དང་བརྩི་སྲུང་ཞུ་ཡུལ་མཁོ་འདོན་བྱས་ཡོད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུ་དེ་ནི་ངོ་བོའི་ཐོག་ནས་བཤད་ན་མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་བྱ་རྒྱུ་དེ་རེད། མི་དམངས་དམངས་གཙོ་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེང་བའི་དར་ཆ་ཞིག་རེད། མར་ཁེ་སི་དང་ཨེན་ཀེ་སིས《གུང་ཁྲན་ཏང་གི་བསྒྲགས་གཏམ》ནང“བཟོ་པའི་གསར་བརྗེའི་གོམ་པ་དང་པོ་ནི་འབྱོར་མེད་གྲལ་རིམ་དེ་དབང་སྒྱུར་གྲལ་རིམ་དུ་རིམ་སྤོར་བྱས་ནས་དམངས་གཙོ་བརྩོན་ལེན་བྱེད་རྒྱུ་དེ་རེད”ཅེས་བཏོན་གནང་ཡོད། རང་རེའི་ཏང་དབུ་བརྙེས་པའི་ཉིན་དེ་ནས་བཟུང་མི་དམངས་རང་ཁྱིམ་རང་བདག་ཡོང་བ་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་སྤྱད་འཐབ་རྩོད་དང་དཀའ་སྤྱད་འཚོལ་ཞིབ་བྱས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་གོའི་མི་དམངས་རྣམས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་བཅས་ཀྱི་བདག་པོར་གྱུར་ཡོད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་ལས་རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད་ལ། ཁེ་ཕན་ཚོགས་པ་གང་རུང་ཞིག་དང་། དབང་ཤུགས་ཚོགས་པ་གང་རུང་ཞིག དམིགས་བསལ་གྱི་དབང་ཆ་ཡོད་པའི་རིམ་གྲས་གང་རུང་ཞིག་བཅས་ཀྱི་ཁེ་ཕན་གཏན་ནས་མཚོན་གྱི་མེད། རང་རྒྱལ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞིར་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་ཁབ་ཀྱི་དབང་ཆ་མཐའ་དག་མི་དམངས་ལ་དབང་ཡོད། མི་དམངས་རང་ཁྱིམ་རང་བདག་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་རེད་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་རྩ་བའི་འགོ་འཛུགས་ས་དང་མཐར་ཐུག་ས་ཞིག་ཀྱང་རེད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་རྒྱུན་འཁོར་ཧྲིལ་པོ་དང་ཕྱོགས་ཡོངས་ལ་ཁྱབ་པའི་དམངས་གཙོ་ཞིག་རེད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོས་གསར་གཏོད་རང་བཞིན་གྱི་སྒོ་ནས་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཐབས་ཇུས། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་སོགས་ཀྱི་ལྷུ་ཚིགས་ཁག་ཕན་ཚུན་འབྲེལ་མཐུད་བྱས་ཏེ། དུས་ཚོད་ཐད་ཀྱི་རྒྱུན་མཐུད་རང་བཞིན་དང་། ནང་དོན་ཐད་ཀྱི་སྤྱི་ཡོངས་རང་བཞིན། འཁོར་སྐྱོད་ཐད་ཀྱི་མཐུན་སྦྱོར་རང་བཞིན། མི་དམངས་ཐེ་ཞུགས་ཐད་ཀྱི་རྒྱ་ཁྱབ་རང་བཞིན་དང་རྒྱུན་མཐུད་རང་བཞིན་བཅས་ལྡན་ཡོད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་རྒྱུན་འཁོར་ཧྲིལ་པོ་ཡིན་པ་དེ་འདེམས་བསྐོ་དང་། གྲོས་མོལ། འཐབ་ཇུས། དོ་དམ་བཅས་ནས་ལྟ་སྐུལ་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཕྱོགས་ཚང་མར་ཁྱབ་པ་ཞིག་ཡིན་པ་དེ་མི་དམངས་ཀྱིས་ཆབ་སྲིད་འཚོ་བའི་ཕྱོགས་གང་ཅིའི་ཐད་གནས་ཚུལ་ཤེས་དབང་དང་། ཐེ་ཞུགས་བྱེད་དབང་། སྐད་ཆ་ཤོད་དབང་། ལྟ་སྐུལ་བྱེད་དབང་བཅས་ཕྱོགས་ཡོངས་ནས་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་པ། ཕྱོགས་ཡོངས་ལ་ཁྱབ་པ་ཞིག་ཡིན་པ་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ་སོགས་ཀྱི་ནང་དོན་ལ་ཁྱབ་ཡོད། དེས་མ་རྩ་རིང་ལུགས་ཀྱི་དམངས་གཙོའི་འདེམས་ཤོག་འཕེན་སྐབས་ནུས་པ་ཐོན་པ་ཙམ་ལས་འདེམས་ཤོག་འཕངས་རྗེས་ནུས་པ་མི་ཐོན་པའི“ཐེངས་གཅིག་རང་བཞིན་གྱི་འཛད་སྤྱོད་བྱ་སྤྱོད”ལྟར་གྱི་དམངས་གཙོའི་རོལ་རྩེད་བཀག་འགོག་ནུས་ལྡན་ཐུབ་པ་དང་། འདེམས་བསྐོ་བྱེད་སྐབས་གང་སར་ཁས་ལེན་བྱེད་པ་ལས་འདེམས་བསྐོ་བྱས་རྗེས་སྐད་ཆ་ཡང་འདྲི་མཁན་མེད་པའི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་པ། ཕན་ཚུན་བརྙས་བཅོས་དང་ནང་ཁུལ་མཐུན་སྒྲིལ་ཡག་པོ་མེད་པའི་སྣང་ཚུལ་ཚབས་ཆེན་བཀག་འགོག་ནུས་ལྡན་ཐུབ་ཡོད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་ཆེས་རྒྱ་ཁྱབ་དང་། ཆེས་དོན་དངོས། ཆེས་སྤྱོད་གོ་ཆོད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཞིག་ཡིན། དེ་རང་རེའི་ཏང་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་གཅིག་སྡུད་ཐོག་མངོན་པ་དང་། ཕྱོགས་ཡོངས་དང་། རྒྱ་ཁྱབ། འབྲེལ་མཐུད་ནུས་ལྡན་བཅས་ཀྱི་མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། སྣ་མང་དང་། ཤར་བགྲོད། གོ་རིམ་ལྡན་པ་བཅས་ཀྱི་དམངས་གཙོའི་ཐབས་ལམ་བསྐྲུན་པ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་མི་དམངས་ཀྱི་དམངས་གཙོའི་དབང་ཆ་འགན་ལེན་ནུས་ལྡན་བྱས་པ། བདེན་ལ་ཞིབ་ཕྲའི་མི་དམངས་རང་ཁྱིམ་རང་བདག་མངོན་འགྱུར་བྱུང་ཡོད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལམ་ལུགས་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་བྱེད་སྟངས་དང་སྲིད་སྐྱོང་སྟངས་ལེགས་བཅོས་བྱས་ནས་མི་དམངས་རང་ཁྱིམ་རང་བདག་བྱེད་པར་རྩ་བའི་འགན་ལེན་བྱས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱས་པ། དོན་དག་ཡོད་ན་གྲོས་བསྡུར་བྱེད་ཆོག་པ་དང་། མང་ཚོགས་ཀྱི་གནད་དོན་མི་དམངས་ཀྱིས་གྲོས་བསྡུར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱུན་གཏན་གྱི་ཆབ་སྲིད་འཚོ་བའི་ཁྲོད་མི་དམངས་རྒྱ་ཁྱབ་དང་། རྒྱུན་མཐུད། གཏིང་ཟབ་བཅས་ཀྱི་སྒོ་ནས་ཞུགས་པའི་དབང་ཆ་ཡོད་པའི་འགན་ལེན་བྱས་པ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་བྱས་ནས་རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་ལེགས་ཆ་འདོན་སྤེལ་བྱས་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་གཅིག་གྱུར་འགན་ལེན་བྱས་པའི་ཁར་་མི་རིགས་ཁག་ཐུན་མོང་ཐོག་རང་ཁྱིམ་རང་བདག་ཀྱང་བྱུང་བ། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་གྱི་ཐད་ཀའི་དམངས་གཙོ་འཕེལ་རྒྱས་བཏང་བ་སོགས་རེད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་བརྒྱུད་རིམ་ཀྱི་དམངས་གཙོ་དང་གྲུབ་འབྲས་ཀྱི་དམངས་གཙོ་དང་། གོ་རིམ་ཀྱི་དམངས་གཙོ་དང་ངོ་བོའི་དམངས་གཙོ། ཐད་ཀའི་དམངས་གཙོ་དང་གཞན་རྒྱུད་ཀྱི་དམངས་གཙོ། མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་འདོད་བློ་བཅས་གཅིག་གྱུར་བྱུང་ནས་མི་དམངས་རང་ཁྱིམ་རང་བདག་ཞིབ་ཕྲ་དང་དོན་དངོས་བརྒྱུད་ཏང་གིས་རྒྱལ་སྲིད་སྐྱོང་ལུགས་ཀྱི་སྲིད་ཇུས་བྱེད་ཐབས་ཐོག་ནས་མངོན་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་གང་ས་ཅི་ཐད་དང་རིམ་པ་ཁག་གི་ལས་ཀའི་ཐོག་ནས་མངོན་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཀྱི་ལས་ཀའི་ཐོག་ནས་མངོན་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བདེ་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་ཀྱི་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་བྱུང་བ་དང་། མི་དམངས་མང་ཚོགས་ཀྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་འཕེལ་བ་དང་གཅིག་ཏུ་བསྡུས་ནས་མིའི་རིགས་ཀྱི་ཆབ་སྲིད་ཤེས་དཔལ་ཡར་ཐོན་ཆེད་ཀྲུང་གོའི་བློ་གྲོས་ཀྱིས་ཕྱུག་པའི་ལེགས་སྐྱེས་ཕུལ་ཡོད།