གསར་འགྱུར་སྤེལ་དུས། 【2022-08-26 09:00:00】
ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། དུས་ཡུན་ཆུ་ཚོད་14ལྷག་གི་ཐད་གཏོང་བྱེད་སྒོ་ཆེན་མོ་ཞིག་གིས་རྒྱལ་ཡོངས་ས་གནས་ཁག་གི་དྲ་གྲོགས་ལྷན་རྒྱས་ཀྱི་མིག་དབང་ཚུར་ལ་བཀུག་ཡོད། འདི་ནི་མཐོ་སྒང་གི་གྲོང་ཁྱེར་ཆུང་ཆུང་ཞིག་ནས་སྤེལ་བའི་དྲ་ལམ་ཐད་གཏོང་གི་བྱེད་སྒོ་ཞིག་ཡིན་ལ། མཐོ་སྒང་གི་གྲོང་ཁྱེར་ཆུང་ཆུང་འདི་དང་ང་ཚོ་ཐེངས་དང་པོར་དྲ་ལམ་ནས་མཇལ་འཛོམས་བྱུང་བའི་རྫོགས་ལྡན་གྱི་དགའ་སྟོན་ཞིག་ཀྱང་རེད། ཁྱད་པར་དུ་ས་གནས་ཀྱི་མཚར་སྡུག་གཅལ་དུ་བཀྲམས་ཤིང་། འཕེལ་རྒྱས་ཀྱི་གོམ་ཁ་མདུན་དུ་བསྒྱུར་ལ། སྙིང་སྟོབས་ཀྱི་གོ་ཆ་ལུས་ལ་བགོས་པའི་དུས་རབས་ཀྱི་ཉམས་འགྱུར་ཞིག་ཀྱང་ཅི་ལ་མིན། གྲོང་ཁྱེར་ཆུང་ཆུང་འདི་ནི་བོད་ལྗོངས་ཤར་རྒྱུད་ན་ལྷང་ངེ་ཆགས་པའི་རི་བོ་ཆེ་རྫོང་རེད། ཕར་བལྟས་ན་མཐོ་སྒང་གི་གྲོང་ཁྱེར་ཆུང་ཆུང་ཞིག་ལས་མ་འདས་ཀྱང་། ཐེངས་དང་པོར་དྲ་ལམ་ནས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་དུས། དེ་ཡི་བརྗིད་ཉམས་དང་མཚར་སྡུག་གིས་མི་རྣམས་ཧ་ལས་པར་གྱུར།
ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད། ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། ཁམས་པའི་བརྙན་འཕྲིན་ཁང་དང་། ཀྲུང་གུང་རི་བོ་ཆེ་རྫོང་ཨུ།རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བའི་མཛེས་སྡུག་རི་བོ་ཆེ། གཙང་གསུམ་མེ་ཏིག་གླིང་།ཞེས་པའི་དྲ་ལམ་ཐད་གཏོང་གི་བྱེད་སྒོ་ཆེན་མི་དེ་གནས་མཆོག་རི་བོ་ཆེ་ནས་དངོས་སུ་སྤེལ་ཞིང་། ས་གནས་ཀྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་བརྗོད་དོན་གཙོ་བོར་བཟུང་ནས། ཉེ་བའི་ལོ་ཤས་རིང་རི་བོ་ཆེ་རྫོང་ལ་གནམ་ས་བརྗེས་པ་ལྟ་བུའི་འཕོ་འགྱུར་ཆེན་པོ་ཞིག་བྱུང་བ་དེ་ཕྱོགས་ཡོངས་ནས་ལེགས་པར་མངོན་ཡོད།
ཐེངས་འདིའི་བྱེད་སྒོས་བརྙན་འཕྲིན་གསར་འགྱུར་དང་། ཡིག་རིས་གསར་འགྱུར། བརྙན་ཐུང་འགྲེམས་གཏོང་སོགས་ཀྱི་ཐབས་ལམ་བརྒྱུད་ནས། ཉེ་བའི་ལོ་ཤས་རིང་རི་བོ་ཆེ་རྫོང་གིས་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་དར་རྒྱས་བཅས་དོན་ཆེན་བཞི་ལ་དམ་པོར་དམིགས་ཏེ། སྐྱེ་ཁམས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས། ད་ཡོད་ཀྱི་དགེ་མཚན་སྔོག་འདོན་གང་ལེགས་བྱས་པ་དང་། སྔར་བས་ཧུར་བརྩོན་གྱི་ཉམས་འགྱུར་དང་།སྔར་བས་དངོས་གཉེར་གྱི་སྤྱོད་ཚུལ། ལས་དོན་སྔར་བས་ཏན་ཏིག་སྒྲུབ་པ་བཅས་ལ་བརྟེན་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་གནས་མཆོག་རི་བོ་ཆེ་འཛུགས་སྐྱོང་བྱེད་པའི་ངོ་མཚར་གཏམ་རྒྱུད་རེ་རེ་གཟིགས་མོ་བར་སྤྱན་འབུལ་ཞུས་ཡོད།
ཁྱད་པར་དུ་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་གྱི་ཐད་གཏོགས་བྱེད་སྒོ་ཆེན་མོ་ལྟ་བུར་མཚོན་ན། ལྟ་ན་སྡུག་པའི་མཛེས་ལྗོངས་དང་རིག་རྩལ་སྤྲོ་ཚོགས་ཆེན་མོ། ཡུལ་དངོས་ཆེད་དོན་བཅར་འདྲི། མེ་ཏོག་གི་ཞིང་ཁམས་ནས་སྤེལ་བའི་རོལ་དབྱངས་ཆེད་ཚོགས་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་བརྒྱུད་ནས། ཐེངས་དང་པོར་མེ་ཏོག་གི་ཕྲ་རྒྱན་བཏབ་པའི་མཛེས་སྡུག་གི་གནས་མཆོག་འདི་ཡི་ཐུན་མོང་མ་ཡིན་པའི་མཚར་སྡུག་རེ་རེ་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་བཤམས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཐད་གཏོང་བྱེད་སྒོ་ལ་དྲ་ལམ་སོ་སོ་ནས་ལྟད་མོ་ལྟ་མཁན་མི་ཐེངས་ས་ཡ་གཅིག་དང་འབུམ་བརྒྱད་ལྷག་ཟིན་པ་དང་། འབྲེལ་ཡོད་བརྙན་ཐུང་དང་ཡིག་རིས་སྐོར་གྱི་དྲིལ་བསྒྲགས་ལ་དོ་སྣང་བྱེད་མཁན་མི་ཐེངས་བྱེ་བ་གཉིས་དང་ས་ཡ་ལྔ་ལས་བརྒལ་བ་རེད།
དང་པོ། ལྗང་མདོག་སྲུང་ནས་སྐྱེ་ཁམས་སྔར་བས་མཚར་སྡུག་བཀྲ།
ཐད་གཏོང་བྱེད་སྒོའི་ཁྲོད་ནས་ཆེས་ཡིད་དབང་འཕྲོག་པ་ནི་གནས་མཆོག་རི་བོ་ཆེ་ཡི་ལྟ་ན་སྡུག་པའི་མཛེས་ལྗོངས་རེད། མེ་ཏོག་གི་ཕྲ་ཚོམ་བཀོད་པའི་ལྗང་མདོག་གི་སྤང་ཐང་དང་། ལྷུང་ལྷུང་གི་བཞུར་སྒྲ་གསལ་བའི་དྭངས་གཙང་གི་ཆུ་བོ། རང་དབང་གི་འདུ་འགོད་རྩེན་པའི་བག་ཡངས་ཀྱི་རི་དྭགས། ལྷང་ལྷང་གི་སྐྱོར་དབྱངས་སྙན་བའི་ནགས་ཀློང་གི་སློབ་ཆུང་། ཡོད་ཚད་ནི་ཅི་འདྲའི་སྙིང་དུ་སྡུག་ཅིང་ཡི་གར་འོང་བ་ཞིག་རེད་ཨང་། ཁྱད་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ལེགས་པས། རོ་བོ་ཆེ་རྫོང་གི་ཤྭ་བའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཤྭ་བ་སོགས་རི་སྐྱེས་སྲོག་ཆགས་སྣ་ཚོགས་སོས་དལ་བག་ཕེབས་ཀྱིས་འཚོ་ཞིང་གནས་པའི་དག་པའི་ཞིང་ཁམས་ཤིག་ལ་གྱུར་བས། གནས་འདིར་ཤྭ་བ་སྟོང་བརྒྱད་ལྷག་འཚོ་ཡོད་པ་མ་ཟད། ད་དུང་ཤྭ་སྐྱ་སོགས་རིགས་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་རྩ་ཆེན་གང་མང་ཞིག་སྲུང་སྐྱོབ་གང་ལེགས་བྱུང་ཡོད།
ཉེ་བས་ལོ་ཤས་རིང་།རི་བོ་ཆེ་རྫོང་གིས་མཛེས་པའི་བོད་ལྗོངས་འཛུགས་སྐྱོང་གི་དམིགས་འབེན་གཞིར་བཟུང་སྟེ། སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ལྟ་བུའི་འཕེལ་རྒྱས་ཀྱི་འདུ་ཤེས་ཇེ་བརྟན་དུ་བཏང་ནས། རྒྱུན་ཆད་མེད་པར་ལས་ཀ་སྒྲུབ་སྟངས་གསར་གཏོད་བྱེད་བཞིན། ཐབས་ལམ་སྣ་ཚོགས་ཀྱིས་སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་རྒྱག་པ་རེད། ད་ལྟ་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་བཅོས་བྱུང་ཞིང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་ཡོད། དེ་བས་སྔོ་ལྗང་རི་ཀླུང་དང་གནམ་སྔོན་སྤྲིན་དཀར་ནི་གནས་མཆོག་རི་བོ་ཡི་སྐྱེ་ཁམས་མཛེས་སྡུག་གི་གཞི་རྟེན་དུ་གྱུར་ཡོད།
གཉིས་པ། ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་།
ཐད་གཏོང་ཁང་གི་ནང་ནས་རི་བོ་ཆེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་སྐར་གཡང་ལགས་ཀྱིས་ཚང་མར་རི་བོ་ཆེ་རྫོང་གི་ཞིང་འབྲོག་ཐོན་རྫས་མཚམས་སྦྱོར་གང་ལེགས་གནང་བས། ཐད་གཏོང་ལ་ཞུགས་པའི་དྲ་གྲོགས་ཚོས་ཡུལ་འདིའི་ཐོན་ལས་འཕེལ་རྒྱས་བྱུང་ཚུལ་རྒྱུས་ལོན་བྱུང་ཡོད།
2016ལོར་རི་བོ་ཆེ་ཡི་སྐམ་ཤ་ནི་ཀྲུང་གོའི་རྒྱལ་ཁབ་ས་གཤིས་མཚོན་རྟགས་ལ་རེ་ཞུ་ཐུབ་པས། ནོར་གནག་ནི་ཡུལ་འདིའི་མང་ཚོགས་ཕྱུག་འགྱུར་ཡོང་བའི་དགོས་འདོད་ནོར་བུ་ཞིག་ལ་གྱུར་ཡོད།
ཀྲུང་གུང་རི་བོ་ཆེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཀང་ཆང་གིས་མཚམས་སྦྱོར་བྱས་པ་ལྟར་ན། རི་བོ་ཆེ་རྫོང་གིས་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཐོན་རྫས་དང་། ནོར་གནག་གི་ཐོན་ལས་འབྲེལ་ཐག་སྐོར་གྱི་དཔེ་མཚོན་རྫོང་ཞེས་པའི་མིང་བྱང་འདི་གཉིས་ལ་བརྟེན་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ནོར་གནག་གི་ཐོན་ལས་འཕེལ་རྒྱས་དང་ཕྱོར་འཚོང་གི་ལས་ཀར་དམ་འཛིན་བྱས་ཏེ། རི་བོ་ཆེ་རྫོང་གི་ནོར་གནག་ཐོན་རྫས་རྒྱལ་ཡོངས་ཀྱི་ཁྲོམ་རྡ་འགྲེམས་ཚོང་བྱེད་པར་འབད་བརྩོན་བྱས་དང་བྱེད་བཞིན་ཡོད། དེ་མིན་རི་བོ་ཆེ་རྫོང་གི་ཞིང་གྲོང་ཁག་གཅིག་ན་ཚོད་དཀར་དང་སུར་པན། རྡོ་ཀུབ་སོགས་ཤིང་འབྲས་དང་སྔོ་ཚལ་གྱི་རིགས་ཕུན་སུམ་ཚོགས་པོ་འདེབས་འཛུགས་བྱས་ཡོད་ལ། གྲོང་མི་ཚོས་2021ལོར་དཔལ་འབྱོར་མཉམ་ལས་ཁང་བཙུགས་ཏེ། ས་གནས་ཀྱི་སྔོ་ཚལ་ཁྲོམ་རའི་དགོས་མཁོ་སྐོང་བ་མ་ཟད། ད་དུང་མང་ཚོགས་མང་པོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། གཞན་ད་དུང་ཁ་བཙོས་ཟེར་བའི་ཡུང་མའི་ཐོན་རྫས་ཚོང་རྟགས་བསྐྲུན་ནས་ཞིང་པའི་ཡོང་འབབ་འཕར་སྣོན་ལ་ཤུགས་རྒྱག་ཡོད། འདི་ལྟར་ནོར་གནག་གི་ཐོན་ལས་དང་སྔོ་ཚལ་འདེབས་འཛུགས། ཡུང་མ་བཟོ་སྐྲུན་མཉམ་ལས་ཁང་སོགས་རྫོང་གིས་ཞིང་འབྲོག་ཐོན་རྫས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་མཚོན་ལྟ་བུ་ཞིག་ལ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། རི་བོ་ཆེ་རྫོང་གིས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། རྒྱུན་ཆད་མེད་པར་དབུལ་སྒྲོལ་འགག་གཏོར་དང་གྲོང་གསེབ་དར་རྒྱས་གཉིས་ཟུང་འབྲེལ་གང་ལེགས་བྱས་ཡོད་ལ། འཕེལ་རྒྱས་ཀྱི་དམིགས་འབེན་དང་ཐོན་ལས་ཀྱི་བཀོད་སྒྲིག་གཞིར་བཟུང་སྟེ། ཕན་འབྲས་ལྡན་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྣེ་ཁྲིད་ཀྱང་བྱས་ཡོད།
གསུམ་པ། རིག་གནས་ཡུལ་སྐོར་ཟུང་འབྲེལ་གང་ལེགས་བྱས་ཏེ་མཐོ་སྒང་གི་ཁྱད་ཆོས་འབུར་དུ་གཏོད་ཡོད།
གནས་མཆོག་རི་བོ་ཆེ་ཡི་གཡས་རིའི་གྲོག་རོང་ཆེན་མོ་ལྟ་བུར་མཚོན་ན་བྲག་སྐྱེས་སྐྱེས་ཐམས་ཅད་རྡོ་རྗེ་བྲག་རི་བཞིན་ངོ་མཚར་ཆེ་ཞིང་། ཤིང་སྐྱེས་སྐྱེས་ཐམས་ཅད་ཙན་དན་དཀར་དམར་བཞིན་ཡིད་དུ་འོང་བས། ཉེ་བའི་ལོ་ཤས་རིང་ཡུལ་སྐོར་ལྗོངས་རྒྱུ་བ་དག་གི་རེ་བའི་ཞིང་ཁམས་ཤིག་ལ་གྱུར་ཡོད། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་གནས་འདིར་གདན་འདྲེན་ཞུ་བའི་ཆེད་དུ། གྲོག་རོང་ཆེན་མོ་གནས་སའི་གཡས་རི་ཤང་གི་ཡར་གྲོང་གྲོང་ཚོ་ཡིས་2017ལོར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཚོང་གཉེར་ཚོང་གཉེར་ལྟེ་གནས་ཏེ། གཡས་རི་གྲོང་རོང་ཆེན་མོའི་གཞིར་སྒར་བསྐྲུན་པ་དང་། ད་ལྟ་དངོས་སུ་སྒོ་ཕྱེ་ནས་ཡུལ་སྐོར་བ་བསུ་བཞིན་ཡོད། གཞན་ད་ད་དུང་རི་བོ་ཆེ་རྫོང་བཀྲ་ཤིས་སྒང་གྲོང་ཚོ་ཡིས་ཁམས་གསོའི་ཆུ་ཚན་བཀོལ་སྐྱོད་གང་ལེགས་བྱས་པ་དེས་ཡུལ་འདིའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་ཕན་ཆེན་པོ་ཐོགས་ཡོད།
ཉེ་བའི་ལོ་ཤས་རིང་།རི་བོ་ཆེ་རྫོང་གིས་ས་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་འབུར་དུ་ཐོན་པའི་རིག་གནས་ཡུལ་སྐོར་ཟུང་འབྲེལ་གྱི་ལམ་བུ་གསར་དུ་བཏོད་ཅིང་། གངས་རིའི་ལྗོངས་སུ་ལྟད་མོར་ཕེབས་པ་དང་། ཆོས་ལུགས་རིག་གནས་ཉམས་སུ་མྱོང་བ། གསར་བརྗེའི་རིག་གནས་རྒྱུས་ལོན་བྱེད་པ། སྤང་ལྗོངས་སྔོན་མོའི་ཁུགས་ནས་སྤྲོ་འཆམ་ལ་རོལ་བ། གྲོག་རོང་ཆེན་མོའི་ཀློང་ནས་མཚར་སྡུག་ལ་ལྟ་བ་སོགས་ཡུལ་སྐོར་ལམ་ཐིག་སྤུས་ལེགས་སྐོར་ཞིག་བསྐྲུན་ནས།རི་བོ་ཆེ་རྫོང་ནི་གངས་ཅན་མཐོ་སྒང་གི་རིག་གནས་ཡུལ་སྐོར་ཟུང་འབྲེལ་དང་ཁམས་གསོའི་གནས་མཆོག་གི་དཔེ་སྟོན་རྟེན་གཞི་ཞིག་ལ་འགྱུར་བར་འབད་བརྩོན་བྱས་དང་བྱེད་བཞིན་ཡོད།
བཞི་པ། རྒྱང་སྐྱོད་གསར་པའི་ཕུགས་འདུན་དོན་དུ་གཉེར་བཞིན་འབད་བརྩོན་ཆེན་པོས་མ་འོངས་ཕྱོགས་སུ་བསྐྱོད་ཡོད།
མ་འོངས་པའི་ལམ་ཁ་ནས། རི་བོ་ཆེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་བཅངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་ལ་བཟུང་བ་དང་། ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། མཐུན་སྒྲིག་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྱོང་བྱེད་པར་འབད་བརྩོན་བྱ་རྒྱུ་ཡིན་ལ། སྟོབས་ཤུགས་ཀྱང་འབུལ་རྒྱུ་རེད།
གངས་རི་དཀར་པོའི་འདབས་རོལ་དང་སྤང་ལྗོངས་སྔོན་མོའི་གདན་སྟེང་ལ་གཟིངས་དང་། གནས་མཆོག་རི་བོ་ཆེ་ཡི་བུ་དང་བོ་མོ་དྲུག་ཁྲི་ལྷག་གིས་བརྩོན་འགྲུས་ཀྱི་གོམ་ཁ་མདུན་དུ་བསྒྱུར་ཅིང་། སྙིང་སྟོང་ཀྱི་དར་ཆ་མཁའ་ལ་འཕྱུར་ནས། མཐུན་སྒྲིལ་གྱི་ལག་གདང་གཅིག་ལ་སྦྲེལ་བཞིན། གཙང་གསུམ་མེ་ཏོག་གླིང་གི་མཛེས་སྡུག་རི་བོ་ཆེ་འཛུགས་སྐྲུན་གྱི་དམིགས་འབེན་གསར་པའི་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད།