ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྐྱོར་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ལས་དོན་ཚོགས་འདུ་རི་བོ་ཆེར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2023-07-04 09:00:00】



འདི་ནི་ཚོགས་ཞུགས་མི་སྣས་ཨར་ལས་བཟོ་གྲྭ་རུ་ནས་ཆང་བཟོ་བའི་ལག་རྩལ་ལ་རྒྱུས་ལོན་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་29ཉིན། ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་ལས་དོན་གྱི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ་རི་བོ་ཆེ་རྫོང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་དབུལ་སྐྱོར་ཐོན་ལས་རྣམ་གྲངས་རིམ་སྤོར་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལོ་གཅིག་རིང་གི་གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་རིམ་སྤོར་ལས་དོན་སྤེལ་ཚུལ་ལ་ཕྱོགས་སྡོམ་དང་། རི་བོ་ཆེའི་ཚོད་ལྟའི་ལས་དོན་གྱི་ཕན་འབྲས་ལ་ལྟ་སྦྱོང་ཚོད་ལྟའི་ཕན་འབྲས་ལ་དཔྱད་དཔག གྲོང་ཁྱེར་ཡོངས་ཀྱི་གོམ་སྟབས་རྗེས་མའི་རིམ་སྤོར་ལས་དོན་ལ་འཆར་འགོད་དང་བཀོད་སྒྲིག་བཅས་བྱས་པ་རེད།

ཚོགས་འདུ་དེ་དུས་མཚམས་གཉིས་སུ་དབྱེ་ཡོད་དེ།དུས་མཚམས་དང་པོར་ཚོགས་ཞུགས་མི་སྣ་སྔ་རྗེས་སུ་བེའུ་མདའ་ཤང་གཡང་འཛོམས་གྲོང་ཚོའི་འབྲི་གཡག་དུས་ཐུང་རྒྱགས་གསོའི་དཔེ་སྟོན་རྟེན་གཞི་དང་། བཀྲ་ཤིས་སྒང་གྲོང་ཚོའི་གངས་ལྗོངས་རིས་མེད་བོད་སྨན་གྱི་སྨན་རྒྱུ་ཞིབ་འཇུག་ཚད་ཡོད་འགན་འཁྲི་ཀུང་སི། ཐོན་ལས་གླིང་ཁུལ། དབུལ་སྐྱོར་གསར་སྤེལ་ཁུལ་སོགས་ས་གནས་ས་ཐོག་ཏུ་ལྟ་སྐོར་བྱེད་པར་བསྐྱོད་པ་རེད།དུས་མཚམས་གཉིས་པར་གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ནས་རྫོང(ཆུས)ཁག་གི་དབུལ་སྐྱོར་ཐོན་ལས་རིམ་སྤོར་ལས་དོན་གྱི་སྙན་ཞུ་གསན་པ་དང་། གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་གདང་འདེགས་རིམ་སྤར་ལས་ཀའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ། གོམ་སྟབས་རྗེས་མར་གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་རིམ་སྤོར་ལས་དོན་ཇུས་འགོད་དང་བཀོད་སྒྲིག་བྱས་ཡོད།