​འོས་འགན་སྨན་བཅོས་ཀྱིས་སྟེང་ཆེན་གྱི་མང་ཚོགས་ལ་དྲོད་ཁོལ་སྦྱིན་པ།

གསར་འགྱུར་སྤེལ་དུས།  【2023-07-25 10:41:37】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པའི་བོད་ལྗོངས་ཆབ་མདོ་སྟེང་ཆེན་ཡན་ལག་རུ་ཁག་གིས་ཚེས8ནས་བཟུང་སྟེང་ཆེན་རྫོང་ཁོངས་སུ་བདེ་ཐང་ཞིབ་བཤེར་འོས་འགན་ཞབས་ཞུ་བྱེད་མགོ་བརྩམས་ནས་ས་གནས་མང་ཚོགས་ཀྱི་ཕོག་སླའི་ནད་རིགས་དང་རྒྱུན་མཐོང་ནད་ལ་དམིགས་ཏེ་ཡུལ་དངོས་སྨན་བཅོས་དང་སྨན་སྤྱོད་ཤེས་བྱའི་འགྲེལ་བཤད་བྱས་པ་མ་ཟད། ས་གནས་གཞི་རིམ་གསོ་རིག་འཕྲོད་བསྟེན་ལས་ཁུངས་ལ་སྨན་རྫས་སོགས་ཀྱི་སྦྱིན་པ་བཏང་ཡོད།

རྒྱུས་ལོན་ལྟར་ན། ཐེངས་འདིའི་སྟེང་ཆེན་ཡན་ལག་རུ་ཁག་ལ་སྨན་པ35ཡོད་པ་པེ་ཅིན་ཨན་ཀྲུན་སྨན་ཁང་དང་པེ་ཅིན་སློབ་ཆེན་ཁ་ནད་སྨན་ཁང་། ཀྲུང་གོ་གསོ་རིག་ཚན་རིག་སློབ་ཆེན་མཁའ་འགྲུལ་སྤྱི་ཁྱབ་སྨན་ཁང་། ཆིན་ཧྭ་སློབ་ཆེན་ཁོངས་གཏོགས་ཁྲུའུ་དབྱང་ལི་སྨན་ཁང་སོགས་ཀྱི་སྨན་ཁང25ནས་ཡོང་ནས། འོས་འགན་སྨན་བཅོས་སྤྱིའི་མི་གྲངས་མི་ཐེངས4700ཟིན་པ་དང་། ལྷན་སྐྱེས་སྙིང་ནད་གསེད་བདམས་མི་ཐེངས256བྱས་པའི་ནང་གཏན་འཁེལ་ནད་པ11ཡོད། བྱ་འགུལ་གྱིས་པེ་ཅིན་ནས་ཡོང་བའི་སྨན་པ་དང་སྟེང་ཆེན་ས་གནས་སྨན་པ་བར་ནས་འབྲེལ་འདྲིས་ཟམ་ཆེན་བཏང་བ་མ་ཟད། ས་གནས་མང་ཚོགས་ལ་སྟབས་བདེ་བའི་སྒོ་ཁའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཡོད།

“འདི་ནི་ང་ཐེངས12པར‘སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད’ཅེས་པའི་འོས་འགན་སྨན་བཅོས་བྱ་འགུལ་ནང་ཞུགས་པ་ཡིན་ལ། ང་རང་ཐེངས3པར་བོད་ལྗོངས་སུ་བསྐྱོད་པ་ཡིན། ཐེངས་འདིའི་འོས་འགན་སྨན་བཅོས་བྱེད་ས་ནི་ས་བབ་མཐོ་བའི་ས་ཁུལ་ཡིན་པས། སྨན་པ་སྟོན་མཁན་ནད་པ་མང་ཆེ་བ་རུས་ཚིགས་ན་བའི་ནད་པ་ཡིན་པས། ང་ཚོས་ཁོ་ཚོའི་སྡུག་བསྔལ་སེལ་འདོད་ན་སྨན་པ་གཅིག་པུར་བརྟེན་ན་མི་འདིང་ལ། ངེས་པར་དུ་ཁོང་ཚོའི་རང་ཉིད་སྐྱོབ་པའི་ནུས་བ་མཐོ་རུ་གཏོང་དགོས། དེ་བས་ང་ཚོས་ཁོང་ཚོར་ལུག་འཕུར་དང་འཕུར་མཉེད་སོགས་ཀྱི་ཀྲུང་ལུགས་འབྲེལ་ཡོད་ལག་རྩལ་དང་ཉིན་རྒྱུན་གྱི་བདེ་སྲུང་ཐབས་ལམ་ཁྲིད་པ་ཡིན”ཞེས་ཆིན་ཧྭ་སློབ་ཆེན་ཁོངས་གཏོགས་ཁྲུའུ་དབྱང་ལི་སྨན་ཁང་ཀྲུང་ལུགས་ཚན་པག་གི་ཀྲུའུ་རེན་སྨན་པ་ཁྲུན་ཨའེ་ལིན་གྱིས་དེ་ལྟར་བརྗོད། 

“ཐེངས་འདིའི་འོས་འགན་སྨན་བཅོས་ཁྲོད། ངས་རྫོང་ཁོངས་སུ་ཆེད་ལས་ཁ་ནད་སྨན་པ་དང་ཞིབ་བཤེར་སྒྲིག་ཆས་དཀོན་པ་དང་། ས་གནས་མང་ཚོགས་ཀྱིས་སྨན་བཅོས་ཞབས་ཞུ་ཡག་པོ་རེ་འདུན་ཡོད་པ་མཐོང་ནས། འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་ལམ་ཐག་ཤིན་ཏུ་རིང་བ་རྟོགས་ཡོད། ཚོད་ལྟ་སློབ་ཆུང་དུ་ཚན་རིག་ཁྱབ་གདལ་སྐོར་གྱི་སློབ་ཁྲིད་ཅིག་བྱས་པ་བརྒྱུད། བྱིས་པ་ཚོ་དང་ཕན་ཚུན་བརྗེ་རེས་བྱས་པས་དགའ་སྤྲོ་ཆེན་པོ་སྐྱེས་ནས་ཁོ་ཚོའི་བདེ་ཐང་ཤེས་བྱར་བཅངས་བའི་འདུན་པ་མཚོན་ཡོད”ཅེས་པེ་ཅིན་སློབ་ཆེན་ཁ་ནད་སྨན་ཁང་སྒོ་བསྟེན་སྨན་ཁང་གཉིས་པའི་སྨན་པ་གཙོ་བོ་ཡེས་སེང་གིས་དེ་ལྟར་བརྗོད།

“ཡང་བསྐྱར་བོད་ལྗོངས་སུ་སླེབས་པས་སེམས་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་། ཐེངས་སྔོན་མ་བོད་སྐྱོར་བྱེད་དུ་ཡོང་བ་ཡིན་ལ། ཐེངས་འདིར་འོས་འགན་སྨན་བཅོས་ནང་ཞུགས་པས། གཟའ་འཁོར་གཅིག་གི་དུས་ཚོད་ནང་ང་ལ་སེམས་འགུལ་ཆེན་པོ་ཞིག་ཐེབས་པ་ཡིན། ས་འདིའི་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་ཐོག་ཤ་དང་ཚྭ་མཐོ་བའི་ཟས་རིགས་ཟ་རྒྱུ་དགའ་བས། ཁྲག་ཤེད་མཐོ་བའི་ནད་བྱུང་བའི་ནད་པ་ཅུང་མང་། ང་རང་སྙིང་ནད་ཚན་ཁག་གི་སྨན་པ་ཞིག་ཡིན་པའི་ཆ་ནས་ཐེངས་འདིར་གཙོ་བོ་མང་ཚོགས་ལ་ཁྲག་ཤེད་མཐོ་བའི་ནད་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བྱེད་པ་མ་ཟད། ཅི་ལྟར་སྨན་བཅོས་དང་འགོག་བཅོས་བྱེད་དགོས་པ་ཁོང་ཚོར་བཤད་དགོས”ཞེས་པེ་ཅིན་ཨན་ཀྲུན་སྨན་ཁང་གི་སྨན་པ་གཙོ་བོ་ཉིན་ཧྲང་ཆི་ཡིས་དེ་ལྟར་བརྗོད།